
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས9ཉིན་སེ་ཕུའུ་ལུའུ་སི་རུ་འཚམས་འདྲི་བྱེད་སྐབས་བསྟན་དོན། མིག་སྔར་ལེ་པཱ་ནུན་གྱི་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ལ། ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་གྱིས་དྲག་ཆས་འཇབ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ཨེ་ལོས་ཧྲི་ཕོ་བྲང་གིས་བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་ངེས་པར་དུ་ལེ་པཱ་ནུན་གྱི་མངའ་ཁོངས་སུ་འཇབ་རྒོལ་བྱེད་མཚམས་འཇོག་དགོས། རྒྱུ་མཚན་ནི་དེ་ལས་ལེ་པཱ་ནུན་མི་དམངས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པས་ཡིན། དབྱི་སི་རལ་གྱིས་ཀྱང་ངེས་པར་དུ་ལེ་པཱ་ནུན་གྱི་དམག་དོན་འགུལ་སྐྱོད་མཚམས་བཞག་ནས། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་སླར་གསོ་བྱེད་དུ་འཇུག་དགོས་ཟེར།
བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ་དབུས་ཤར་ས་ཁུལ་གྱི་གནས་བབ་དང་ལེ་པཱ་ནུན་གྱི་གནས་བབ་ཐད་ནས་གྲོས་བསྡུར་བྱས་ཟེར་ཡང་། ཁ་པར་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད།
ཉིན་དེར་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཧྥ་རན་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལེ་པཱ་ནུན་གྱི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུ་དགོས་པའི་རེ་ཞུ་བྱས་པ་དང་། ཧྥ་རན་སིའི་ཕྱོགས་ཀྱིས་ལེ་པཱ་ནུན་དང་དབྱི་སི་རལ་བར་གྲོས་མོལ་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དྲག་ཆས་ལེན་པའི་ལས་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།