
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས9ཉིན་གྱི་ཕྱི་དྲོར་ཁོ་ལོམ་པུ་ཡཱ་རྒྱང་སྒྲོག་ཀུང་ཟིའི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། ཨ་མེ་རི་ཁའི་དབྱི་ལིང་གི་འཐབ་འཁྲུག་མྱུར་མོར་མཇུག་སྒྲིལ་སྲིད་པའི་བརྡ་བསྟན།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་བལྟས་ན་དབྱི་ལིང་གི་འཐབ་འཁྲུག་དེ་ཡོངས་སུ་མཇུག་སྒྲིལ་དགོས་པར་འདོད། དབྱི་ལིང་ལ་ད་ལྟ་མཚོ་དམག་མེད་པ་དང་འཕྲིན་གཏོང་སྒྲིག་ཆས་མེད་ལ། མཁའ་དམག་ཀྱང་མེད། འཕུར་མདའ་ཡང་མང་བོ་ལྷག་མེད། མི་མེད་གནམ་གྲུ་གཏོར་བར་མ་ཟད་མི་མེད་གནམ་གྲུའི་བཟོ་གྲྭ་ཡང་གཏོར་ཡོད། དམག་དོན་གྱི་ཕྱོགས་ནས་བཤད་ན་དབྱི་ལིང་ལ་ད་ལྟ་ཅི་ཡང་ལྷག་མེད་ཟེར།
ཐི་ལིང་ཕུའུ་ཡིས་སྐད་ཆ་དེ་བཤད་རྗེས། ཉིན་དེར་མར་ཆག་པའི་ཨ་མེ་རི་ཁའི་ཉིག་ཡོག་གི་མ་རྐང་ཆེན་མོ་གསུམ་འཕར་བའི་སྣང་ཚུལ་བྱུང་།
དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐཱ་པཱ་ཡི་ཐད་ནས་ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོར་བཤད་རྒྱུའི་སྐད་ཆ་ཅི་ཡང་མེད་ཟེར། ཁོའི་སེམས་སུ་དབྱི་ལིང་གི་འགོ་ཁྲིད་པའི་འདེམ་སྒུག་པ་འཚམ་པོ་ཞིག་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཧའོ་ཨར་མུའུ་ཙི་མཚོ་འགག་ཏུ་མིག་སྔར་གྲུ་གཟིངས་འགྲུལ་བཞུད་བྱེད་བཞིན་ཡོད་ཀྱང་། ཁོས་སྔར་བཞིན་མཚོ་ཐོག་འགྲུལ་ལམ་གལ་ཆེན་དེ་བཀག་སྡོམ་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།