ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་གྱིས་མཚོ་ཁུགས་ས་ཁུལ་དུ་དམག་དོན་མི་སྣ་མངག་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས10ཉིན་བསྟན་དོན། ཝུའུ་ཁི་ལན་གྱིས་དམག་དོན་མི་སྣ་འདུས་པའི་འཐུས་ཚབ་ཚོགས་པ་མངག་ནས་མཚོ་ཁུགས་རྒྱལ་ཁབ་ཀྱི་མཁའ་སྲུང་ཐད་རོགས་རམ་བྱས་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་དགོང་མོའི་བརྙན་རིས་གཏམ་བཤད་ལས་བཤད་རྒྱུར། ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་དང་དམག་དོན་མི་སྣ་འདུས་པའི་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པ་མཚོ་ཁུགས་ས་ཁུལ་དུ་མངག་ཡོད་པ་དང་། ཁོ་ཚོས་ས་དེའི་མང་ཚོགས་ཀྱི་བདེ་འཇགས་དང་གཏན་འཇགས་གནས་བབ་ལ་སྲུང་སྐྱོབ་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།

ཁོས་ད་རུང་བསྟན་དོན། མིག་སྔར་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་རོགས་རམ་བྱས་ནས་འགོག་སྲུང་བྱེད་དགོས་པ་དང་། དེའི་ནང་ལས་འགན་གཙོ་བོ་ནི་ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་ཡིན་ཟེར།

ཙེ་ལིན་སི་ཅི་ཡིས་ཉིན་དེར་བཤད་རྒྱུར། ཝུའུ་ཁི་ལན་གྱིས་མི་མེད་གནམ་གྲུའི་དཔུང་འཇུག་ལ་རྒོལ་ལན་སྤྲོད་པའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཅིང་། ཝུའུ་ཁི་ལན་གྱིས་མི་མེད་གནམ་གྲུའི་ཆེད་མཁའི་ཚན་ཆུང་གསུམ་སོ་སོར་ཁཱ་ཐར་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཏི་ཨ་རབ་བཅས་སུ་མངག་ནས། རྒྱལ་ཁབ་དེ་དག་བར་མི་མེད་གནམ་གྲུར་བཀག་འགོག་བྱེད་པའི་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་ཆེད་མཁས་ཚན་ཆུང་དེ་གཟའ་འཁོར་འདིའི་ནང་དམིགས་སའི་རྒྱལ་ཁབ་ཏུ་འབྱོར་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།