དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་དང་ཀུའུ་ཐི་ལོས་སི་ཡིས་ཁ་པར་བརྒྱུད་དེ་དབྱི་ལིང་གི་གནས་བབ་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་གཉིས་ཀྱིས་ཚེས10ཉིན་གྱི་དགོང་མོར་ཁ་པར་བཏང་སྟེ། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པའི་གནས་ཚུལ་གསར་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨ་ལཱ་ཀི་ཆི་ཡིས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་བཟོས་པའི་འཐབ་འཁྲུག་གི་ནག་ཉེས་མང་བོ་དཔེ་རུ་དྲངས།

ཁོས་ནན་གྱིས་བསྟན་དོན། དབྱི་ལིང་གི་སློབ་གྲྭ་དང་སྨན་ཁང་། སྡོད་དམངས་འདུས་སྡོད་ཁུལ། ལོ་རྒྱུས་ཀྱི་གནའ་ཤུལ་སོགས་དམངས་བཀོལ་སྒྲིག་ཆས་ལ་བསམ་བཞིན་དུ་འཇབ་རྒོལ་ཐེབས་ཡོད་པ་དང་། བྱ་སྤྱོད་དེ་རིགས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མི་ཆོས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་ལ་འགལ་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྒོལ་གཏམ་དྲག་པོ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཁོས་བསྟན་དོན། དབྱི་ལིང་གིས་ཨ་མེ་རི་ཁ་དང་དབྱི་སི་རལ་ལ་དམིགས་པའི་རྒོལ་ལན་ནི་ཁྲིམས་མཐུན་གྱི་རང་སྲུང་དབང་ཆའི་སྒྲོམ་གཞིའི་ནང་། ཀུན་གྱིས་ཁེ་ལེན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གཞིར་བཟུང་ནས་ལག་བསྟར་བྱས་པ་ཡིན་ལ། དབྱི་ལིང་གིས་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་འདོར་དུ་མེད་པའི་གཞི་རྩའི་འགན་འཁྲི་ཞིག་ཏུ་རློམ་ངེས་ཡིན་ཟེར།

བསྒྲགས་པ་ལྟར་ན། ཀུའུ་ཐི་ལོས་སི་ཡིས་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པ་ནི་རྩོད་མེད་ཀྱི་བཙན་འཛུལ་བྱ་སྤྱོད་ཅིག་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་དང་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།