དབྱི་ལང་གིས་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་བརྒྱ་ཆའི་བདུན་ཅུའི་དམག་དོན་རྟེན་གཞི་གཏོར་གཤིག་བཏང་བའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན།   དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་གི་བཀོད་འདོམས་དཔོན་ཅཱ་པཱ་ལི་ཡིས་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་བརྒྱ་ཆའི་བདུན་ཅུའི་དམག་དོན་རྟེན་གཞི་གཏོར་གཤིག་བཏང་ཡོད་པའི་ཚུལ་བསྟན།    ཨ་མ་རི་ཁ་ཕྱོགས་ཀྱིས་དེའི་ཐད་གཏམ་བརྗོད་ཅི་ཡང་སྤེལ་མེད།

ཅཱ་པཱ་ལི་ཡིས་ལེ་པཱ་ནུན་མའེ་ཡཱ་ཏེང་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་གནས་ཚུལ་དེ་བཤད་པ་རེད།   ཁོས་བཤད་རྒྱུར།   དབྱི་ལང་ལ་ཡུན་རིང་གི་འཐབ་འཁྲུག་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཐོན་ཁུངས་ཡོད།   དབྱི་ལང་ལ་ནུས་པ་ཆེ་བའི་དམག་དཔུང་ཡོད་པར་མ་ཟད།   སྔོན་ཐོན་གྱི་འཕུར་མདེལ་སྣ་ཚོགས་ཡོད་ལ།  དེའི་ཁྲོད་ཀྱི་འཕུར་མདེལ་ཁ་ཤས་ད་ལྟའི་བར་ད་རུང་བཀོལ་སྤྱོད་བྱས་མེད་ཟེར།   ཁོས་ད་རུང་བཤད་རྒྱུར།   དབྱི་ལང་དང་ལེ་པཱ་ནུན་འགོག་རྒོལ་སྟོབས་ཤུགས་ཀྱིས་མུ་མཐུད་དུ་ཕན་ཚུན་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཨ་མེ་རི་ཁའི་ཉོའུ་ཡུའེ་སྐབས་དོན་ཚགས་པར་གྱིས་ཚེས11ཉིན་བསྒྲགས་པ་ལྟར་ན།     ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་བ་ནས་བཟུང་།     ཉུང་མཐར་ཡང་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་བཅུ་བདུན་དང་སྒྲིག་ཆས་གཞན་པར་དབྱི་ལང་གི་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས་པ་དང་།  དེའི་ནང་ས་ཁུལ་ཁ་ཤས་ལ་ཐེངས་མང་པོར་འཇབ་རྒོལ་ཐེབས་ཡོད།    བསྒྲགས་པ་ལྟར་ན།    དབྱི་ལང་གིས་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་དམག་དོན་རྟེན་གཞིར་འབར་མདེལ་སྟོང་ཕྲག་མང་པོ་དང་མི་མེད་གནམ་གྲུས་འཇབ་རྒོལ་བྱས་པ་དང་།   མང་ཆེ་བ་ཨ་མེ་རི་ཁ་ཕྱོགས་ཀྱིས་བཀག་ཡོད་ལ།  ཉུང་མཐར་ཡང་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་བཅུ་གཅིག་ལ་ཕོག་ཡོད།   དེའི་ནང་སོ་ཏི་ཨ་རབ་ཏུ་ཡོད་པའི་སུའུ་ཏན་རྒྱལ་སྲས་མཁའ་དམག་རྟེན་གཞི་དང་།  ཁུ་ཝེ་ཐེ་རུ་ཡོད་པའི་ཨ་ལི་སཱ་ལི་མུའུ་མཁའ་དམག་རྟེན་གཞི་དང་པི་ལེན་དམག་སྒར། དེ་བཞིན་ཁ་ཐཱར་གྱི་ཝུའུ་ཏེ་ཏི་མཁའ་དམག་རྟེན་གཞི་སོགས་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།