ཨུ་རི་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་རི་དང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཀྱིས་དབུས་ཤར་ས་ཁུལ་ཡོངས་ཀྱི་གཏན་འཇགས་ལ་གཏོར་བརླགས་བཟོས་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རི་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས12ཉིན་ཉིན་རྒྱུན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་རྒྱུར། ཨ་རི་དང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་དབུས་ཤར་ཡོངས་ཀྱི་གཏན་འཇགས་ལ་གཏོར་བརླགས་ཐེབས་ཤིང་། ས་ཁུལ་ཡོངས་ལ་གནོད་འཚེའི་རང་བཞིན་གྱི་མཇུག་འབྲས་ཐོན་སྲིད་པས། མྱུར་དུ་མཚམས་བཞག་ནས་ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར།

ཨུ་རི་སིའི་ཕྱི་འབྲེལ་པུའུ་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། དབྱི་ལིང་གི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་ཅིང་། ཨ་རབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མྱོང་བཞིན་ཡོད། དབྱི་ལིང་མིས་ན་པུའུ་གྲོང་ཁྱེར་གྱི་བུད་མེད་སློབ་ཆུང་སོགས་དམངས་སྤྱོད་དམིགས་འབེན་ལ་འགས་གཏོར་དྲག་པོ་བཏང་ཞིང་།  དབྱི་ལིང་ནང་ཁུལ་གྱི་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་དང་ལོ་རྒྱུས་ཀྱི་རྗེས་ཤུལ་སོགས་ལ་གཏོར་བརླགས་ཚབས་ཆེན་ཐེབས་ཡོད་ཟེར།

ཀྲ་ཧ་ལོ་ཝ་ཡིས་དུས་མཉམ་དུ་བཤད་རྒྱུར། ཏི་ཧའེ་ལན་དང་དེའི་ཉེ་འགྲམ་གྱི་འབར་རྫས་གསོག་འཇོག་སྒྲིག་ཆས་ལ་ཚེས7ཉིན་འཇབ་རྒོལ་ཐེབས་ཤིང་། གནོད་ལྡན་དངོས་བོ་འབོར་ཆེན་ཞིག་རླུང་ཁམས་ཆེན་མོའི་ཁྲོད་འཐིམས་པས། ཏི་ཧའེ་ལན་དུ་དུག་ཆར་བབས་པ་དང་། གྲོང་ཁྱེར་སྡོད་དམངས་ཁྲི་སྟོང་མང་པོ་དུག་ལྡན་གྱི་ཁོར་ཡུག་ཁྲོད་གནས་ཡོད། གནོད་ལྡན་དངོས་བོ་འདི་དག་གིས་མཁའ་དབུགས་དང་། ཆུ། ཟས་རིགས། སྐྱེ་དངོས་དང་སྲོག་ཆགས་བཅས་ལ་ཡུན་རིང་བའི་ཤུགས་རྐྱེན་ངན་པ་དང་གཏོར་བརླགས་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།