
ཚེས13ཉིན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཧྥ་རན་སིར་འཚམས་འདྲི་བྱེད་སྐབས་སྨྱན་སྦྱོར་ལ་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་སྐོར་ཐེངས་གསར་པའི་ཝུའུ་ཁི་ལན་དང་ཨ་མེ་རི་ཁ། ཨུ་རི་སི་བཅས་ཕྱོགས་གསུམ་གྱི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཀྱང་། ཨ་མེ་རི་ཁ་དང་ཨུ་རི་སིའི་ལངས་ཕྱོགས་གཅིག་མཐུན་མིན་པས། གྲོས་མོལ་གྱི་ས་གནས་ད་དུང་གཏན་འཁེལ་བྱས་མེད་ཟེར། སྔོན་གྱི་ཐག་གཅོད་ལྟར་ན་གཟའ་འཁོར་རྗེས་མའི་དཀྱིལ་དུ་གྲོས་མོལ་བྱེད་རྩིས་ཡོད་ཀྱང་ཨ་མེ་རི་ཁ་ཕྱོགས་ཀྱིས་དུས་ཚོད་བསྒྱུར་བའི་རེ་བ་བཏོན་པ་རེད།
ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཙི་ལེན་སི་ཅི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་སྤེལ་བར་འཐད་པ་ཡིན་པའི་ཚུལ་བསྟན་ཡོད་ཀྱང་། ཨ་མེ་རི་ཁ་ནས་སྤེལ་དགོས་ཟེར། ཝུའུ་ཁི་ལན་ཕྱོགས་ཨ་རིའི་མའེ་ཨ་མིས་དང་ཡང་ན་ཧྭ་ཧྲིན་ཐོན་དུ་འགྲོ་རྒྱུར་འཐད་པ་བྱུང་ཡང་། ཨུ་རི་སི་ཕྱོགས་ཨ་མེ་རི་ཁར་འགྲོ་རྒྱུར་འཐད་པ་མ་བྱུང་བར་མ་ཟད། ཐུར་ཁེ་དང་ཡང་ན་སའེ་ཙེར་ནས་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་བཏོན་པས་ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་གཞི་དེ་དང་ལེན་མ་བྱས།
ཙི་ལེན་སི་ཅི་ཡིས་བཤད་རྒྱུར། མིག་སྔར་འཛམ་གླིང་གི་དོ་སྣང་བྱ་ཡུལ་དེ་དབྱི་ལིང་གི་གནས་བབ་སྐོར་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁ། ཨུ་རི་སི་བཅས་ཕྱོགས་གསུམ་གྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པའི་ཕྱི་འབྲེལ་འཕེལ་རིམ་སླར་གསོ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།