
ཚེས14ཉིན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ཧྲི་ཀྲང་སུའོ་པི་ཡ་ཉིང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་མངོན་པ་ལྟར་ན། ཉིན་དེར་ཨུ་རུ་སུའི་མཁའ་ཟོན་དམག་དཔུང་གིས་ཝུའུ་ཁི་ལན་གྱིས་མོ་སི་ཁོར་དམིགས་ཏེ་འཕངས་པའི་མི་མེད་གནམ་གྲུ65སར་འཕངས།
ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་འཇབ་རྒོལ་འདི་ནི་ད་ལོར་ཝུའུ་ཁི་ལན་གྱིས་མོ་སི་ཁོར་འཕངས་པའི་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་མི་མེད་གནམ་གྲུའི་འཇབ་རྒོལ་གྱི་གྲས་ཤིག་ཡིན་ཟེར།
སུའོ་པི་ཡ་ཉིང་གིས་ཉིན་དེའི་ཕྱི་དྲོ་ནས་བཟུང་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་སར་འཕངས་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་པ་དང་། ཉིན་དེའི་དགོང་མོའི་ཆུ་ཚོད24ཙམ་ལ་ཁྱོན་བསྡོམས་གནམ་གྲུ65སར་འཕངས་ཡོད་ཟེར།
ཚེས14ཉིན་གྱི་དགོང་མོ། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་བཏང་ནས། ཉིན་དེའི་སྔ་དྲོའི་དུས་ཚོད11ནས་དགོང་མོའི་དུས་ཚོད་དགུའི་བར་དུ། ཨུ་རུ་སུའི་མཁའ་ཟོན་དམག་དཔུང་གིས་ཨུ་རུ་སུའི་ས་ཁུལ་མང་པོའི་མཁའ་དབྱིངས་སུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ280བཀག་པ་དང་དེའི་ཁྲོད་གནམ་གྲུ47ནི་ཆེད་དུ་མོ་སི་ཁོར་དམིགས་ཏེ་འཕངས་པ་ཡིན་འདུག་ཟེར།
ཝུའུ་ཁི་ལན་དྲག་ཆས་རུ་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་དམག་འཐབ་ཚགས་པར་ནང་དོན་དེའི་སྐོར་བཀོད་མེད།
བན་དེ་སྐྱབས་ཀྱིས་བསྒྱུར།