ཐི་ལང་ཕུའུ་ཡིས་ཧོར་མུའུ་ཙི་མཚོ་འགག་མྱུར་མོར་གེགས་མེད་བདེ་བགྲོད་ཡོང་ཐུབ་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

​ཚེས14ཉིན། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རིས་དབྱི་ལང་གི་མཚོ་འགྲམ་རྒྱུད་ལ་འབར་མདེལ་དྲག་པོ་འཕེན་རྒྱུ་ཡིན་པས། ཧོར་མུའུ་ཙི་མཚོ་འགག་མགྱོགས་མྱུར་ངང་གེགས་མེད་བདེ་བགྲོད་ཡོང་ཐུབ་ཟེར།

ཐ་ལང་ཕུའུ་ཡིས་ད་དུང་རྒྱལ་ཁབ་མང་པོ་དང་ལྷག་པར་དུ་དབྱི་ལང་གིས་ཧོར་མུའུ་ཙི་མཚོ་འགག་བཀག་སྡོམ་བྱས་པར་བརྟེན་ནས། ཚོང་འགྲུལ་མཚོ་གྲུ་བཀག་ནས་འགྲོ་མ་ཐུབ་པར་ཡུན་རིང་ལུས་པའི་རྒྱལ་ཁབ་དེ་དག་གིས། ཨ་རི་དང་མཉམ་དུ་དམག་གྲུ་མངགས་ནས་མཚོ་འགྲུལ་ལ་སྲུང་སྐྱེལ་བྱ་རྒྱུ་ཡིན་ཟེར་མོད། ཡིན་ནའང་ཁོས་དེའི་སྐོར་ནས་ཞིབ་ཕྲའི་གསལ་བཤད་ཅི་ཡང་བྱས་མེད།

ཐི་ལང་ཕུའུ་ཡིས་ཨ་རིས་དབྱི་ལང་གི100%ཡི་དམག་དོན་ནུས་པ་རྩ་གཏོར་བཏང་ཡོད་ཟེར། ཡིན་ནའང་ཁོས་དུས་མཚུངས་སུ། དབྱི་ལང་གིས་མཚོ་འགག་དེར་མི་མེད་གནམ་གྲུ་རེ་གཉིས་གཏོང་བའམ་ཡང་ན་ཆུ་འབོམ་གཅིག་གཏོང་བ། ཡང་ན་ཆུ་ལམ་དེའི་གནས་ག་གེ་མོ་ཞིག་ལ་ཐག་ཉེ་བའི་འཕུར་མདེལ་གཅིག་འཕངས་པའི་དབང་དུ་བཏང་ན། མཚོ་འགག་དུ་རྒྱུ་བའི་མཚོ་གྲུར་འཇིགས་སྐུལ་ཆེན་པོ་བཟོ་ཐུབ་ཅེས་བསྟན། 

ཐི་ལང་ཕུའུ་ཡིས་ཨ་རིས་དབྱི་ལང་གི་མཚོ་འགྲམ་རྒྱུད་དུ་འབར་མདེལ་དྲག་པོ་འཕེན་རྒྱུ་ཡིན་པ་དང་། དབྱི་ལང་གི་དམག་གྲུ་རྒྱུན་ཆད་མེད་པར་གཏོར་རྒྱུ་ཡིན་ཟེར། གང་ལྟར་བཤད་རུང་། ང་ཚོས་མགྱོགས་མྱུར་སྒོས་ཧོར་མུའུ་ཙི་མཚོ་འགག་གེགས་མེད་བདེ་བགྲོད་དང་བདེ་འཇགས་ཡོང་བར་བྱ་རྒྱུ་ཡིན་ཟེར།

ཧོར་མུའུ་ཙི་མཚོ་འགག་ནི་གོ་ལ་ཧྲིལ་པོའི་ནུས་ཁུངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་བྱེད་གནས་གལ་ཆེན་ཞིག་ཡིན། ཚེས12ཉིན། དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་ཡིས་ལས་འགན་འཁུར་རྗེས་ཀྱི་གསལ་བསྒྲགས་ཐོག་མ་དེ་སྤེལ་ཏེ། དབྱི་ལང་གིས་མུ་མཐུད་དུ་ཧོར་མུའུ་ཙི་མཚོ་འགག་བཀག་སྡོམ་བྱེད་པའི་བྱེད་ཐབས་སྤྱད་དེ། ཨ་རིར་ངོ་རྒོལ་བྱ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།