ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་གི་མཚོན་ཆའི་ཐོན་སྐྱེད་སྒྲིག་བཀོད་སོགས་དམིགས་འབེན་ལ་འཇབ་རྒོལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས23ཉིན།  ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་ལ་དམག་དོན་རྡུང་རྡེག་བྱས་པའི་ཉིན་24པར་སླེབས་ཤིང་། དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་དུ་ཚེས22ཉིན་གྱི་དགོང་མོ་ནས་ཚེས23ཉིན་གྱི་ཐོ་རེངས་བར་འགས་གཏོར་གྱི་སྒྲ་ཆེན་པོ་ཐེངས་མང་པོར་གྲགས།

 ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ལི་ཅན་ནན་གྱིས་བཤད་རྒྱུར། འགད་གཏོར་གྱི་སྒྲ་ཆེན་པོ་ཞིག་གིས་ང་རྨི་ལམ་ལས་དཀྲོག་སོང་།  དེ་དང་མཉམ་དུ་ཐེ་ཧེ་རན་ཤར་རྒྱུད་ས་ཁུལ་དུ་འགས་གཏོར་བྱུང་བའི་བརྙན་ཕབ་པ་ཡིན། ཧ་ལམ་དུས་ཚོད་ལྔ་དང་སྐར་མ་བཅུ་ཡས་མས་སུ། ཐེ་ཧེ་རན་བྱང་ཤར་ས་ཁུལ་དུ་ཡང་བསྐྱར་འགས་གཏོར་བྱུང་བ་དང་ཆབས་ཅིག་ང་ཚོས་དམག་འཐབ་གནམ་གྲུ་བར་སྣང་ནས་འཕུར་བའི་སྒྲ་ཐོས་བྱུང་ཟེར། 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་བསྟན་དོན། ཚེས23ཉིན་གྱི་ཐོ་རེངས་སུ་ཐེ་ཧེ་རན་གྱི་རྨང་གཞིའི་སྒྲིག་བཀོད་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་བཏང་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ད་དུང་ཚེས22ཉིན་དབྱི་ལང་གི་དབྱི་སི་ལན་གསར་བརྗེའི་སྲུང་སྐྱོབ་རུ་ཁག་མཁའ་དམག་གི་མཚོན་ཆའི་ཐོན་སྐྱེད་སྒྲིག་བཀོད་སོགས་ཀྱི་དམིགས་འབེན་ལ་རྡུང་རྡེག་བཏང་། དབྱི་ལང་གི་སྨྱན་བྱད་ཀྱིས་ཚེས23ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་ལྷོ་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ཨ་པ་སི་གྲུ་ཁའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཤིག་ལ་འཇབ་རྒོལ་བྱས་ཟེར།

དབྱི་ལང་དབྱི་སི་ལན་གསར་བརྗེའི་སྲུང་སྐྱོབ་རུ་ཁག་གིས་བསྟན་དོན།   ཚེས་22ཉིན་ནས་ཚེས23ཉིན་བར་ཨང74པ་དང་75པའི་ཕར་རྒོལ་བྱས་ཏེ།  དབྱི་སི་རལ་གྱི་དམག་དོན་བཀོད་སྒྲིག་ས་ཚིགས་མང་པོ་དང་ཨ་རིའི་སོ་ཏི་ཨ་རབ་ཏུ་གནས་པའི་སུའུ་ཏན་གྱི་རྒྱལ་སྲས་ཀྱི་མཁའ་དམག་རྟེན་གཞིར་རྡུང་རྡེག་བཏང་ཟེར། 

ཀྲུང་དབྱང་རྒྱག་སྒྲོག་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་དབྱི་སི་རལ་གྱི་མེ་གསོད་མེ་འགོག་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན།  ཚེས23ཉིན་གྱི་ཐོ་རེངས་སུ། དབྱི་སི་རལ་གྱི་དབུས་རྒྱུད་ས་ཁུལ་གང་མང་དུ་འཕུར་མདེལ་ཧྲུག་ལེབ་ལྷུང་བའི་དོན་རྐྱེན་བྱུང་། དེ་སྔོན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་དབྱི་ལང་གིས་འཕངས་པའི་འཕུར་མདེལ་ལ་ལྟ་ཞིབ་ཚད་ལེན་དང་བཀག་འགོག་བྱས་ཤིང་། དབྱི་སི་རལ་གྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཆ་མང་པོ་རུ་མཁའ་ཟོན་ཉེན་བརྡ་བཏང་ཡོད་པ་བསྟན།

དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་འཕྲིན་ཡིག་བསྐུར་ནས་ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་གི་ཉིང་རྡུལ་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། 

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་ཚེས22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་འཕྲིན་ཡིག་བསྐུར་ནས། ཉེ་ཆར་ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་གི་ན་ཐན་ཙིའི་ཉིང་རྡུལ་སྒྲིག་བཀོད་དང་པུ་ཧྲེ་འར་ཉིང་རྡུལ་གློག་འདོན་ས་ཚིགས་བཟོ་ཁུལ་གྱི་འཛུགས་སྐྲུན་ལ་འཇབ་རྒོལ་བྱས་པ་དེ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་ཚབས་ཆེན་འགལ་བར་རྒོལ་གཏམ་དྲག་པོ་བཏང་། ཁོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ《ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་མི་གཏོང་བའི་ཆིངས་ཡིག》ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་མ་ཟད་དེའི་ཉིང་རྡུལ་སྒྲིག་བཀོད་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཕྱོགས་ཡོངས་ཀྱི་ལྟ་སྐུལ་ཁྲོད་འཇོག་དགོས་པའི་འབོད་སྐུལ་བྱས།

ཨ་རིའི་ཕྱོགས་ནས་དབྱི་ལང་ལ་ངེས་པར་དུ་དུས་ཚོད48ནང་ཧོ་འར་མུའུ་ཙི་མཚོ་འགག་གི་སྒོ་འབྱེད་དགོས་པའི་འཇིགས་སྐུལ་བྱས་པར་དམིགས་ཏེ། དབྱི་ལིང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་གིས་ཚེས22ཉིན་བསྟན་དོན།  ཧོ་འར་མུའུ་ཙི་མཚོ་འགག་ནི་ཚང་མར་སྒོ་ཕྱེས་ཡོད་མོད། ཡིན་ཡང་དབྱི་ལང་གི་མངའ་ཁོངས་ལ་བཙན་གནོད་བྱེད་པའི་བཙན་འཛུལ་མཁན་དེ་དག་ལ་དགའ་བསུ་ཞུ་མི་སྲིད་ཟེར། 

《ཡའེ་ལོ་སཱ་ལུན་སྦྲག་སྲིད་ཚགས་པར》གྱིས་ཚེས23ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མཐོ་རིམ་དཔོན་མིས་ཉེ་ཆར་དབྱི་སི་རལ་ལ་ཨ་རིའི་དམག་དཔུང་གིས་དབྱི་ལིང་གི་ཧ་འར་ཁི་གླིང་ཕྲན་དུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཚུལ་བསྟན།  ཨ་རིའི་དམག་དཔུང་གིས་མཚོ་དམག་སྐམ་འཐབ་རུ་མི་དང་དམག་མི་གཞན་པ་མི4500དབུས་ཤར་ས་ཁུལ་དུ་མགྱོགས་མྱུར་ངང་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར། 

དབྱི་ལང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་ཚེས23ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གལ་ཏེ་དབྱི་ལང་གི་མཚོ་འགྲམ་དང་ཡང་ན་གླིང་ཕྲན་ལ་བཙན་གནོད་ཐེབས་ཚེ།  དབྱི་ལང་ཕྱོགས་ཀྱིས་ཆུ་འདེལ་སྣ་ཚོགས་སྤྱད་དེ་མཚོ་ཁུག་ཧྲིལ་པོ་དང་ཧོ་འར་མུའུ་ཙི་མཚོ་འགག་གི་གྲུ་ལམ་ཚང་མ་བཀག་སྡོམ་བྱ་རྒྱུ་ཡིན་ཟེར།