དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལིང་མི་དམངས་ཀྱི་ཤེས་བྱའི་རེ་བསྙེག་བརླག་ཐབས་མེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་གི་མཐོ་རིམ་སློབ་གྲྭར་བར་སྣང་འཇབ་རྒོལ་ཐེབས་པའི་གནས་ཚུལ་ཐད་ནས་བཤད་རྒྱུར། དབྱི་སི་རལ་དང་ཨ་མེ་རི་ཁས་འགས་གཏོར་ལ་བརྟེན་ནས་དབྱི་ལིངམི་དམངས་ཀྱི་ཤེས་བྱའི་རེ་བསྙེག་བརླག་རྩིས་ཡོད་ཀྱང་དེར་ཕན་ནུས་ཅི་ཡང་ཐོན་མི་སྲིད་ཟེར།

ཨ་ལཱ་ཀི་ཆི་ཡིས་བསྟན་དོན། དབྱི་སི་རལ་དང་དེའི་ངན་འབྲེལ་གྲོགས་པོས་འགས་གཏོར་ལ་བརྟེན་ནས་ཤེས་བྱ་གཙང་སེལ་བྱེད་རྩིས་ཡོད། དབྱི་ལིང་གི་ཚན་རིག་པ་ལྐོག་གསོད་བྱས་པ་དང་། ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས། ད་ལྟ་ཡང་དབྱི་ལིང་གི་སློབ་ཆེན་ལ་འཇབ་རྒོལ་བྱས། བྱ་སྤྱོད་དེ་དག་ལས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་ནུས་མེད་དང་རེ་ཆད་སྣང་ཚུལ་མཚོན་ཡོད་ལ། དེར་ཕན་ཐོགས་ཅི་ཡང་འབྱུང་མི་སྲིད་པར་མ་ཟད། དེ་ལས་ལྡོག་སྟེ་དབྱི་ལིང་མི་དམངས་ཀྱི་ཤེས་བྱའི་རེ་བསྙེག་སྐུལ་སྤེལ་བྱེད་སྲིད་ཟེར།

དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་དབྱི་ལིང་དབྱི་སི་ཧྥ་ཧན་རང་བྱུང་བཟོ་སྐྲུན་སློབ་ཆེན་ལ་འཇབ་རྒོལ་བྱས་པ་དང་། དེ་ནི་སློབ་ཆེན་དེར་ཉེ་སྔོན་ཐེབས་པའི་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་འཇབ་རྒོལ་ཐེངས་གཉིས་པ་རེད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།