
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས1ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་འདས་པའི་ཉིན་གཉིས་རིང་དབྱི་ལང་གི་དམིགས་འབེན400ཙམ་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་དབྱི་ལང་གི་དྲག་ཆས་བཟོ་སྐྲུན་རྟེན་གཞི15ཙམ་ལ་རྡུང་རྡེག་བཏང་བ་དང་། དེའི་ཁྲོད་དུ་དབྱི་ལང་རྒྱལ་སྲུང་པུའུ་ཡི་ལྟེ་བའི་བཟོ་བཀོད་ཚོམས་ཤིག་ཡོད་ཅིང་། བཟོ་བཀོད་ཚོམས་དེའི་ནང་དུ་མེ་ཤུགས་འཕུལ་མདེལ་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཞིག་ཀྱང་ཡོད་ཟེར། དེ་ལས་གཞན། དབྱི་སི་རལ་གྱི་དམག་གིས་ད་དུང་དབྱི་ལང་གི་མཁའ་སྲུང་མ་ལག་དང་འཕུར་མདེལ་འཕེན་གཏོང་ར་བ། མེ་ཤུགས་འཕུར་མདེལ་གསོག་འཇོག་སྒྲིག་ཆས་སོགས་ལ་རྡུང་རྡེག་བཏང་ཡོད་ཟེར།
དབྱི་སི་རལ་གྱི་སྨྱན་སྦྱོར་གྱི་གནས་ཚུལ་ལྟར་ན། དབྱི་ལང་གིས་ཚེས1ཉིན་གྱི་ཕྱི་དྲོར་དབྱི་སི་རལ་ཕྱོགས་སུ་མདེལ་ལམ་འཕུར་མདེལ་བཅུ་ཙམ་འཕངས་ཟེར། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་བཤད་ན། འཕུར་མདེལ་མང་ཤས་མཁའ་སྲུང་མ་ལག་བཀག་འགོག་བྱས་ཡོད་ཟེར། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད།
རིག་འཛིན་སྒྲོལ་མས་བསྒྱུར།