པུ་རུན་ཏིའི་དམག་ཆས་མཛོད་ཁང་ལ་གཏོར་སྐྱོན་ཕོག་སྟེ་མི13རྐྱེན་ལམ་དུ་ཤོར་བ་དང་མི57ལ་རྨས་སྐྱོན་བཟོས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​པུ་རུན་ཏིའི་རྒྱལ་སྲུང་དམག་གི་གཏམ་བཤད་པ་ཅ་སི་ཕ་ཨར·པ་ལཱ་ཐུའུ་ཀྲ་ཡིས་ཚེས1ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཟླ3པའི་ཚེས31ཉིན་གྱི་དགོང་མོར་པུ་རུན་ཏིའི་པུའུ་ཆུང་པུའུ་ལཱ་ཞིང་ཆེན་གྱི་དམག་ཆས་མཛོད་ཁང་ལ་གཏོར་སྐྱོན་དོན་རྐྱེན་བྱུང་སྟེ་མི13རྐྱེན་ལམ་དུ་ཤོར་བ་དང་མི57ལ་རྨས་ཕོག

པ་ལཱ་ཐུའུ་ཡིས་བཤད་རྒྱུར། ཐེངས་འདིའི་གཏོར་སྐྱོན་ནི་པུའུ་ལུང་པུའུ་ལཱ་ཞིང་ཆེན་མོའུ་གེའེ་ལའེ་རྫོང་དུ་ཡོད་པའི་མཁོ་སྒྲུབ་སྟོང་ཤོག་གི་དམག་ཆས་མཛོད་ཁང་ལ་མེ་སྐྱོན་བྱུང་བས་བསྐྱེད་པ་ཡིན་ལ།  རྨས་ཕོག་པའི་མི57ཁྲོད་ཀྱི་མི3དམག་མི་ཡིན་པ་དང་། གཞན་ཚང་མ་མི་སེར་རེད། གཏོར་སྐྱོན་གྱིས་ད་དུང་དམག་དོན་སྒྲིག་ཆས་དང་ཉེ་འགྲམ་དུ་ཡོད་པའི་མི་སེར་གྱི་ཁང་བ་དང་སྒེར་གྱི་རླངས་འཁོར་ལའང་གཏོར་སྐྱོན་བཟོས་འདུག་ཟེར།

པ་ལཱ་ཐུའུ་ཡིས་ནན་གྱིས་བསྟན་དོན། དོན་རྐྱེན་བྱུང་བའི་ཡུལ་དངོས་སུ་འཐབ་འཛིང་གི་རྗེས་ཤུལ་ཤེས་རྟོགས་བྱུང་མེད་ཟེར། ཁོས་མི་དམངས་ལ་བབ་བརླིང་ངང་གནས་པར་འབོད་སྐུལ་བཏང་པར་མ་ཟད། པུའུ་ལུང་ཏིས་ལ་གྱོང་གུན་བཟོས་ཡོད་ནའང་། སྔར་བཞིན་རྒྱལ་སྲུང་གི་ནུས་པ་སྟོབས་ལྡན་ཡོད་ཟེར།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།