ལེ་པ་ནུན་གྱིས་དབྱི་སི་རལ་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་བཏོན་ཡང་ཕྱིར་ལན་ཅི་ཡང་འབྱོར་མེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ལེ་པ་ནུན་གྱི་སྲིད་འཛིན་ཨའོ་ཨིན་གྱིས་ཚེས5ཉིན་བཤད་རྒྱུར། ལེ་པ་ནུན་སྲིད་གཞུང་གིས་དབྱི་སི་རལ་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་བཏོན་ཡང་། ཕྱིར་ལན་ཅི་ཡང་འབྱོར་མེད་ཟེར། ཁོས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འགལ་བ་མཇུག་བསྒྲིལ་ཏེ་མང་ཚོགས་ཀྱི་དཀའ་སྡུག་ཇེ་ཉུང་དུ་གཏོང་རྒྱུའི་འབོད་སྐུལ་བཏང་ཡོད།

ཨའོ་ཨིན་གྱིས་བཤད་རྒྱུར། ལེ་པ་ནུན་དང་དབྱི་སི་རལ་བར་དམག་འཁྲུག་བྱུང་བ་དེ་ནི་ལེ་པ་ནུན་སྲིད་གཞུང་དང་མི་དམངས་ཀྱི་རེ་མདུན་མིན། ལེ་པ་ནུན་ཕྱོགས་ཀྱི་མིག་སྔར་ཆེས་སེམས་ཁུར་དང་གཙོ་བོར་འཛིན་པའི་དོན་དག་གསུམ་ཡོད་པ་ནི། རྒྱལ་ནང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་། ལེ་པ་ནུན་ནང་ཁུལ་གྱི་ཡུལ་གྱར་བ་རྣམས་ལ་རོགས་སྐྱོར་བྱེད་པ། ཕྱི་འབྲེལ་གྱི་འབྲེལ་འདྲིས་ལ་ལ་ཤུགས་བསྣན་ནས་དམག་འཁྲུག་མཇུག་བསྒྲིལ་བ་བཅས་ཡིན་ཟེར།

ཨའོ་ཨིན་གྱིས་ཉེན་བརྡའི་ཚུལ་གྱིས་བཤད་རྒྱུར། ལེ་པ་ནུན་གྱི་རྒྱལ་ནང་གི་ཞི་བདེ་ནི་དམར་ཐིག་ཅིག་སྟེ། ལེ་པ་ནུན་གྱི་བདེ་འཇགས་དམག་དཔུང་དང་དམག་དཔུང་གིས་ནང་ཁུལ་གྱི་འགལ་བ་ཆེ་ཇེར་གཏོང་བའི་དམིགས་ཡུལ་གང་རུང་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱས་ཡོད་ཟེར།

ལེ་པ་ནུན་འཕྲོད་བསྟེན་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ3པའི་ཚེས2ཉིན་ལེ་པ་ནུན་དང་དབྱི་སི་རལ་བར་ཡང་བསྐྱར་དམག་འཁྲུག་བྱུང་བའི་ཚུན་དུ། དབྱི་སི་རལ་གྱིས་ལེ་པ་ནུན་དུ་བསྟུད་མར་འཇབ་རྒོལ་བྱས་པ་ལས་མི1461རྐྱེན་ལམ་དུ་ཤོར་བ་དང་། མི4430ལ་རྨས་ཕོག་ཡོད། ཨའོ་ཨིན་གྱིས་སྐད་ཆ་བཤད་སྐབས་གྲོས་མོལ་དང་བསྡུར་ན། དམག་འཁྲུག་རྒྱག་རྒྱུ་དེ་དགམ་ག་ཆེས་བཟང་པོ་ཡིན་ནམ་ཞེས་དོགས་སྣང་བསླངས་ཡོད། ཁོས་བཤད་རྒྱུར། གྲོས་སྡུར་ནི་མགོ་འདོགས་པ་མིན་ལ།  ཕྱི་འབྲེལ་ཡང་ཕྱི་སྣུར་བྱེད་པ་ཞིག་མིན། དམག་འཁྲུག་མཐའ་མཇུག་གྲོས་མོལ་ལ་བརྟེན་ནས་མཇུག་བསྒྲིལ་དགོས་ཟེར།

ཨའོ་ཨིན་གྱིས་བཤད་རྒྱུར། ལེ་པ་ནུན་སྲིད་གཞུང་གིས་དབྱི་སི་རལ་ལ་གྲོས་ཞིག་སྤྲད་དེ། ཐོག་མར་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ་རྗེས་མཐུད་ཀྱི་གྲོས་མོལ་ལ་རྨང་འདིང་དགོས་ཟེར། མིག་སྔར། ལེ་པ་ནུན་ཕྱོགས་ལ་ཕྱིར་ལན་ཅི་ཡང་འབྱོར་མེད།

རིག་འཛིན་སྒྲོལ་མས་བསྒྱུར།