ཨ་རིའི་སྨྱན་སྦྱོར་གྱིས་བཤད་ན་ཨ་རིའི་དཔོན་རིགས་ཀྱིས་དབྱི་ལང་གི་དམག་དོན་འགུལ་སྐྱོད་དུས་རིམ་གཉིས་པར་ཞུགས་རྒྱུའི་ཐད་ནས་གྲོས་སྡུར་བྱེད་བཞིན་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐི་ལང་ཕུའུ་སྲིད་གཞུང་གི་དཔོན་རིགས་ཁ་ཤས་ཀྱིས་ལྐོག་ཏུ་གྲོས་སྡུར་བྱས་ཏེ། ཨ་རིའི་ལོ་རྒྱུས་མེ་དཔུང་དུ་འབོད་པའི་དམག་དོན་འགུལ་སྐྱོད་དེ་དུས་རིམ་གཉིས་པར་ཞུགས་དགོས་ཟེར།

ཧྭ་ཨར་སྲང་ལམ་ཚགས་པར་ཁང་གིས་ཚེས4ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཐི་ལང་ཕུའུ་ཡི་ལས་རོགས་པས་དབྱི་ལང་གི་གློག་འདོན་བཟོ་གྲྭ་དང་ཟམ་པ་སོགས་ཁྲིམས་མཐུན་གྱི་དམག་དོན་རྡུང་རྡེག་དམིགས་ཡུལ་གྱི་ཁྱབ་ཁོངས་སུ་འཇོག་རྒྱུའི་གྲོས་གཞི་བཏོན། རྒྱལ་སྲུང་པུའུ་ཀྲང་ཧི་ཀི་སའེ་སི་ཡིས་ཐི་ལང་ཕུའུ་ལ་གཞུང་ལམ་འགས་གཏོར་གཏོང་རྒྱུའི་གྲོས་གཞི་བཏོན་ཏེ། དབྱི་ལང་གིས་མེ་ཤུགས་འཕུར་མདེལ་དང་མི་མེད་གནམ་གྲུའི་སྒྲིག་བཟོའི་རྒྱུ་ཆ་སྐྱེལ་འདྲེན་བྱེད་མི་ཐུབ་པར་བྱེད་དགོས་ཟེར། ཐི་ལང་ཕུའུ་སྲིད་གཞུང་གི་དཔོན་རིགས་ཁ་ཤས་ཀྱིས་ལྐོག་ཏུ་གྲོས་སྡུར་བྱས་ཏེ་དམག་དོན་འགུལ་སྐྱོད་དེ་ལ་ལོ་རྒྱུས་མེ་དཔུང་གི་ཨང་རྟགས་གཉིས་པའི་འགུལ་སྐྱོད་དུ་འབོད་དགོས་པར་འདོད། འགུལ་སྐྱོད་ཀྱི་མིང་དེ་དངོས་སུ་བཀོལ་མེད་ཀྱང་ཁོ་ཚོའི་དྲན་ཚུལ་དེ་ལྟར་རེད།

ཨ་རིའི་སྨྱན་སྦྱོར་གྱིས་དམག་ཕྱོགས་མི་སྣ་ཁ་ཤས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར།  དགྲ་ཟླར་བཙན་གྱིས་གྲོས་མོལ་བྱེད་དུ་འཇོག་ཆེད་རྨང་གཞིའི་སྒྲིག་ཆས་ལ་ཕར་རྒོལ་བྱས་ན་བཅའ་ཁྲིམས་ཀྱི་གནས་དོན་འབྱུང་སྲིད། དེ་ལས་གཞན། ཐི་ལང་ཕུའུ་ཡིས་དབྱི་ལང་གི་རྨང་གཞིའི་སྒྲིག་ཆས་ལ་འགས་གཏོར་གཏོང་བའི་འཇིགས་སྐུལ་གྱི་བཀའ་མོད་བཏང་བར་མཚོ་ཁུག་རྒྱལ་ཁབ་ཁ་ཤས་སེམས་ཁུར་ལ་གཏད་ཡོད། ཁོ་ཚོས་དབྱི་ལང་གིས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་ཏེ། མཚོ་ཁུག་རྒྱལ་ཁབ་ཀྱི་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་རྡུང་རྡེག་གཏོང་བར་སེམས་ཁྲལ་བྱེད་བཞིན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།