
ཚེས6ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁེ་ཡིས། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་དབྱི་ལང་གི་གློག་འདོན་ཁང་དང་ཟམ་པ། དེ་བཞིན་རྨང་གཞིའི་སྒྲིག་ཆས་གཞན་དག་བཅས་ལ་བར་སྣང་ནས་འཇབ་རྒོལ་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པའི་གཏམ་བཤད་ལ་ཧང་སངས་པའི་བསམ་པ་བསྟན་པར་མ་ཟད། དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་གང་ཞིག་ཡིན་རུང་ཚང་མ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཟེར།
ཏི་ཡ་ལི་ཁེ་ཡིས་སྨྱན་སྦྱོར་གྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ནུས་ཁུངས་སྒྲིག་ཆས་ཚུད་པའི་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་རྒོལ་མི་ཆོག་པ་ཡང་བསྐྱར་བསྒྲགས། དམིགས་བསལ་གཏན་འཁེལ་ཅན་གྱི་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་དེ་གནས་ཚུལ་ངེས་ཅན་ཞིག་གི་འོག་དམག་དོན་དམིགས་འབེན་དུ་ངོས་འཛིན་བྱས་ཀྱང་། གལ་སྲིད་ཚུར་རྒོལ་དེ་རིགས་བྱས་པ་ཡིན་ན། ཉེས་མེད་མི་སེར་མང་པོར་ཤི་རྨས་ཐེབས་སྲིད་པས། དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་རྒོལ་མི་ཆོག་ཟེར།
ཁོས་བཤད་རྒྱུར། དྲུང་ཡིག་ཆེན་མོའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན་པ་སྟེ། ཕྱོགས་སོ་སོས་ཕན་ཚུན་དགྲ་རུ་བཟུང་ནས་བྱ་སྤྱོད་སྤེལ་སྐབས། ངེས་པར་དུ་སྒྲུབ་དགོས་པའི་འོས་འགན་ལ་བརྩི་སྲུང་ཞུ་དགོས་ཟེར། དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱ་རྒྱུ་ལས་གཞན། དེ་ལས་གཞན་པའི་ཇུས་གཞི་གང་ཡང་མེད་པར་བརྟེན། འབྲེལ་ཡོད་ཕྱོགས་ཀྱིས་འཁྲུག་རྩོད་དེ་མཚམས་འཇོག་བྱེད་དགོས་པ་ནན་བཤད་བྱས།
གསར་འགོད་པས་བར་སྣང་འཇབ་རྒོལ་དེའི་དམག་འཁྲུག་གི་ཉེས་གསོག་ཏུ་གྲུབ་མིན་སྐོར་འདྲི་སྐབས། ཏི་ཡ་ལི་ཁེ་ཡིས་ཉེས་གསོག་ཏུ་གྲུབ་མིན་དེ“ངེས་པར་དུ་ཁྲིམས་ཁང་གིས་ཁྲུན་ཐག་གཅོད་དགོས”ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།