
ཚེས6ཉིན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོར་འཚོགས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧོར་མུའུ་ཙི་མཚོ་འགག་གི“ཤར་བགྲོད་གྲོན་དངུལ”བསྡུ་མཁན་ཨ་རི་ཡིན་པ་ལས་དབྱི་ལང་ཡིན་ན་མི་འགྲིག་ཟེར།
ཧོར་མུའུ་ཙི་མཚོ་འགག་ཡང་བསྐྱར་ཇི་ལྟར་གེགས་མེད་ཤར་གཏོང་ཐུབ་མིན་འདྲི་སྐབས། ཐི་ལང་ཕུའུ་ཡིས་ཧོར་མུའུ་ཙི་མཚོ་འགག་སླར་ཡང་གེགས་མེད་ཤར་གཏོང་ཐུབ་རྒྱུ་དེ་ངེས་པར་ཐེངས་འདིའི་དམག་འཁྲུག་མཚམས་འཇོག་པའི་ཇུས་གཞིའི་ཆ་ཤས་ཤིག་ཏུ་བརྩིས་ཆོག་ལ། ངེས་པར་དུ་ངས་དང་ལེན་བྱེད་ཐུབ་པའི་གྲོས་མཐུན་ཞིག་འགོད་དགོས་པ་དང་། གྲོས་མཐུན་དེའི་ནང་དོན་གཅིག་ནི་རྡོ་སྣུམ་དང་དེ་བཞིན་དངོས་ཟོག་ སྐྱེལ་འདྲེན་རང་མོས་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་དེ་ཡིན”ཟེར།
ཁོས་ཡང་བསྐྱར་བཤད་རྒྱུར། ཨ་རིས་དམག་དོན་གྱི་ཐད་ནས་དབྱི་ལང་ཕམ་པར་བྱས་ཡོད་པར་བརྟེན། རྒྱལ་ཁ་ཐོབ་མཁན་ལ་དམག་འཁྲུག་ཁྲོད་ཁེ་ཕན་ཐོབ་དགོས། ཨ་རིས་མཚོ་འགག་བརྒྱུད་ནས་འགྲོ་མཁན་གྱི་གྲུ་གཟིངས་ལ་ཤར་གཏོང་གྲོན་དངུལ་བསྡུ་དགོས་པ་ལས་དབྱི་ལང་གིས་བསྡུས་མི་ཆོག རྒྱུ་མཚན། ང་ཚོ་ནི་ཐེངས་འདིའི་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་མཁན་ཡིན་པས་ཡིན་ཟེར།
དབྱི་ལང་དྲག་ཆས་དཔུང་སྡེའི་ཧ་ཐ་མུའུ་ཨན་པི་ཡ་ཀྲུང་དབྱང་སྤྱི་ཁྱབ་པུའུ་ཡི་མགྲིན་ཚབ་པས་ཚེས6ཉིན་གྱི་འཕྱི་ཙམ་ལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཐི་ལང་ཕུའུ་ཡི་སྟོང་བསམ་གྱིས་ཁེངས་པ་དང་གུས་མེད་ལུགས་མེད་ཀྱི་བསམ་སྦྱོར། དེ་བཞིན་ཁེངས་རློམ་གྱི་སྐད་ཆ་དང་གཞི་འཛིན་ས་སྤུ་ཙམ་ཡང་མེད་པའི་འཇིགས་སྐུལ་དེའི་རིགས་ཀྱིས། ཨ་རིས་ཨེ་ཤེ་ཡ་ནུབ་མའི་ས་ཁུལ་དུ་ཉོས་པའི“ངོ་ཚ”དེ་སྦ་གསང་བྱེད་ཐབས་བྲལ་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།