དབྱི་སི་རལ་སྨྱན་སྦྱོར་གྱིས་ཐི་ལང་ཕུའུ་ཡི་གཏན་འཁེལ་དུས་བཅད་ཐོན་ཉེ་ཡོད་པས། ཨ་རི་དང་དབྱི་ལང་གི་གྲོས་མོལ་ལ་འཕེལ་རྒྱས་འབྱུང་ངེས་ཡིན་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ཚེས7ཉིན་གྱི་དགོང་མོ་གནས་ཚུལ་སྤེལ་ཏེ། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་དབྱི་ལང་ལ་གཏན་འཁེལ་བྱས་པའི་དུས་བཅད་ལ་ཐོན་ལ་ཉེ་བའི་སྐབས་སུ། ཨ་རི་དང་དབྱི་ལང་བར་གྱི་གྲོས་མོལ་ལ་འཕེལ་རྒྱས་ངེས་ཅན་བྱུང་ནས། ཕྱོགས་སོ་སོས་གནས་སྐབས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཧོར་མུའུ་ཙི་མཚོ་འགག་རིམ་བཞིན་གེགས་མེད་ཤར་གཏོང་བྱེད་སྲིད་པའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།

དབྱི་སི་རལ་སྤྱི་པའི་རླུང་འཕྲིན་ཀུང་སིས་ཕྱི་འབྲེལ་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕ་ཁི་སི་ཐན་ཕྱོགས་ཀྱིས་དུས་བཅད་གཟའ་འཁོར་གཉིས་ཕྱི་སྣུར་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། གྲོས་མོལ་ཛ་དྲག་ངང་སྤེལ་བཞིན་ཡོད་ལ། ཕྱོགས་སོ་སོའི་འབྲེལ་གཏུག་ལ་ཅུང“དགེ་མཚན་ལྡན་པའི་འཕེལ་རྒྱས”བྱུང་ཡོད་ནའང་། ད་དུང་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་མེད་ཟེར།

དབྱི་སི་རལ《ཆ་འཕྲིན་གསར་པའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འབྲེལ་ཡོད་ཕྱོགས་སོ་སོའི་འབྲེལ་གཏུག་དེ་གནས་སྐབས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེའི་རིང་ཧོར་མུའུ་ཙི་མཚོ་འགག་རིམ་བཞིན་གེགས་མེད་ཤར་གཏོར་སླར་གསོ་བྱེད་སྲིད་ཟེར། གནས་ཚུལ་སྤེལ་བར་གཞིགས་ན། ས་ཁུལ་གྱི་གསང་འཕྲིན་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་ཕྱོགས་སོ་སོས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དེ་ཕྱི་ཕྱོགས་ཀྱི་སྔོན་དཔག་ལས་ཐག་ཇེ་ཉེར་སོང་ཡོད་ཅིང་། གཏན་འཁེལ་དུས་བཅད་མ་སླེབས་པའི་སྔོན་ལ། གྲོས་མོལ་ག་གེ་མོ་ཞིག་འཇོག་རྩིས་བྱེད་བཞིན་ཡོད་ཅེས་འཁོད་འདུག

དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། མིག་སྔའི་དུས་བབ་ཀྱི་འཕེལ་ཕྱོགས་ད་དུང་གསལ་པོ་མེད་པ་དང་། “དམག་འཐབ་ཀྱི་ཕྱོགས་སུ་སྐྱོད་སྲིད་ལ་གྲོས་མཐུན་ཡང་འཇོག་སྲིད”ཟེར། དབྱི་སི་རལ་ཕྱོགས་ཀྱིས་འབྱུང་ངེས་པའི་གནས་ཚུལ་སྣ་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་པའི་ཁྲོད། དམག་འཁྲུག་རྒྱག་མཚམས་འཇོག་པ་དང་ གྲོས་མཐུན་གྱི་སྒྲོམ་གཞི། དམག་དོན་བྱ་སྤྱོད་རྒྱ་ཆེར་གཏོང་བ་སོགས་ཚུད་ཡོད། གནས་ཚུལ་སྤེལ་བའི་ནང་ད་དུང་དབྱི་སི་རལ་གྱི་དཔོན་རིགས་ཀྱིས་འབྱུང་འགྱུར་ཆུ་ཚོད་ཁ་ཤས་དེ“གནད་འགག་དུས་སྐབས”ཡིན་ཞེས་བརྗོད་པ་དང་། ཨ་རི་དང་དབྱི་ལང་དབར་མཐའ་མའི་དུས་སུ་དུས་བཅད་ཕྱི་སྣུར་རམ་ཡང་ན་སྒྲོམ་གཞིའི་རང་བཞིན་གྱི་གྲོས་མཐུན་འཇོག་སྲིད་པར་དོ་ཁུར་བྱས་ནས། འབྲེལ་ཡོད་བཀོད་སྒྲིག་གིས་དབྱི་སི་རལ་ཕྱོགས་ཀྱི་ཁེ་ཕན་གྱི་རེ་འདུན་རྩ་བ་ནས་སྐོང་ཐབས་བྲལ་བར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་འཁོད་འདུག

གཏན་འཁེལ་དུས་བཅད་ཐོན་ལ་ཡོད་པའི་སྐབས་སུ། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས7ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས། འབྱུང་འགྱུར་ཆུ་ཚོད་ཁ་ཤས་ནང་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་བྱེད་ཚད་ཆེ་རུ་འགྲོ་སྲིད་ཅེས་ཐ་ཚིག་བསྒྲགས་པ་དང་། ས་གནས་མང་ཚོགས་ཀྱིས་དོགས་ཟོན་མཐོར་འདེགས་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་ཏེ་དམངས་སྲུང་བཀའ་རྒྱར་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་བཏང་འདུག

ཚེས7ཉིན། ཐི་ལང་ཕུའུ་ཡིས་ཨ་རིའི་ཕུའུ་ཁེ་སིའི་གསར་འགྱུར་འཕྲིན་ལམ་གྱི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་རིས་མིག་སྔར་དབྱི་ལང་གི་དམག་འཁྲུག་ཐད“གྲོས་མོལ་ཛ་དྲག”བྱེད་བཞིན་ཡོད་ནའང་། ཁོས་གནས་ཚུལ་ཞིབ་ཕྲ་སྔར་ལས་མང་པོ་ཕྱིར་བསྒྲགས་བྱས་མེད།  ཚེས6ཉིན། ཐི་ལང་ཕུའུ་ཡིས་དབྱི་ལང་གི་དམག་འཁྲུག་རིམ་སྤོར་བྱེད་ཉེར་ཡོད་མེད་དམ་ཡང་ན་མཇུག་སྒྲིལ་རྩིས་ཡོད་མེད་དེ། དབྱི་ལང་གིས་ཨ་རིས་བཟོས་པའི“མཐའ་མའི་དུས་ཚད”དེ་ཨ་རིའི་ཤར་རྒྱུད་དུས་ཚོད་ཀྱི་ཚེས7ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར་ལན་སྟེར་མིན་ལ་རག་ལས་ཡོད་ཅེས་བསྐྱར་བསྒྲགས་བྱས།  ཚེས7ཉིན། ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་དབྱི་ལང་ལ་འཇིགས་སྐུལ་བའི་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། དོ་དགོང་ཤེས་རིག་ཧྲིལ་པོ་རྩ་མེད་དུ་འགྲོ་རྒྱུ་རེད། ཡིན་ནའང་ངས་གནས་ཚུལ་དེ་འདྲ་འབྱུང་མི་བསམ་མོད། གཅིག་བྱས་ན་ཐོན་ཡང་སྲིད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།