ཕ་ཁི་སི་ཐན་གྱིས་ཨ་རི་དང་དབྱི་ལང་གིས་གཟའ་འཁོར་གཉིས་རིང་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་བཏོན་པར་ཕོ་བྲང་དཀར་པོས་ཐི་ལང་ཕུའུ་ཡིས་དེར་ལན་སྤྲོད་རྩིས་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལེ་ཝེ་ཐི་ཡིས་ཚེས7ཉིན་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ལ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་ཡིས་བཏོན་པའི་ཨ་རི་ཕྱོགས་ཀྱི་རྗེས་མཐའི་དུས་བཀག་གཟའ་འཁོར་གཉིས་ཀྱིས་རྗེས་སུ་སྣུར་བའི་གྲོས་གཞི་ཞིག་འབྱོར་ཡོད་པས། དེའི་ཐད་ནས་ཕྱིར་ལན་འདེབས་རྩིས་ཡོད་ཟེར།

ཞ་པ་ཙི་ཡིས་ཉིན་དེའི་སྔ་ཤས་སུ་སྤྱི་ཚོགས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ཏེ། མིག་སྔར་གྱི་དབུས་ཤར་དམག་དོན་ཞི་བས་ཐག་གཅོད་བྱེད་པའི་ཕྱི་འབྲེལ་བྱ་བར་ད་ལྟ་འབད་བརྩོན་བྱེད་བཞིན་ཡོད་ལ་ནུས་ལྡན་གྱིས་སྐུལ་འདེད་གཏོང་བཞིན་ཡོད་པས། ཉེ་ལམ་དོན་དངོས་ཀྱི་གྲུབ་འབྲས་ལོན་པའི་རེ་བ་ཡོད་ཟེར། ཕྱི་འབྲེལ་འཕེལ་རིམ་ལ་བར་སྟོང་འཇོག་ཆེད། ཁོས་ཐི་ལང་ཕུའུ་ལ་མཇུག་མཐའི་དུས་བཀག་གཟའ་འཁོར་གཉིས་ཀྱིས་ཕྱི་སྣུར་བྱེད་པའི་རེ་བ་བཏོན་པ་མ་ཟད། དུས་མཉམ་དུ་དབྱི་ལང་ལ་ཧོའར་མུའུ་ཙི་མཚོ་འགག་གཟའ་འཁོར་གཉིས་རིང་སྒོ་འབྱེད་བྱས་ཏེ་ལྷག་བསམ་སྟོན་རྒྱུའི་རེ་བ་བཏོན།

ཞ་པ་ཙི་ཡིས་དུས་མཉམ་དུ་དམག་འཁྲུག་ཕྱོགས་གཉིས་ཀྱི་གཟའ་འཁོར་གཉིས་ལ་དམག་འཁྲུག་མཚམས་འཇོག་རྒྱུའི་འབོད་སྐུལ་བྱས་ཏེ།  ཕྱི་འབྲེལ་འཕེལ་རིམ་ལ་བརྟེན་ནས་མཐའ་མཇུག་དམག་འཁྲུག་མཇུག་བསྒྲིལ་བར་སྟབས་བདེ་བཟོས་ནས། དབུས་ཤར་ས་ཁུལ་ཀྱི་ཡུན་རིང་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཟེར།

ཚེས6ཉིན་ཐི་ལང་ཕུའུ་ཡིས་བསྐྱར་སྒྲོག་བྱས་དོན། དབྱི་ལང་གི་དམག་དོན་རིམ་སྤོར་བྱེད་མིན་དང་མཇུག་བསྒྲིལ་ལ་ཉེ་མིན་ནི། དབྱི་ལང་གིས་ཁོས་གཏན་འཁེལ་བྱས་པའི་མཇུག་མཐའི་དུས་བཀག་སྟེ་ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས7ཉིན་གྱིས་དགོང་མོའི་ཆུ་ཚོད་བརྒྱད་པའི་བར་དུ་ལན་སྤྲོད་མིན་ལ་རག་ལས་ཡོད་ཟེར། ཚེས7ཉིན། ཁོས་སྤྱི་ཚོགས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། དོ་དགོང་དཔལ་ཡོན་ཞིག་ཡོངས་སུ་མེད་པར་འགྲོ་ངེས། ངས་དོན་དག་འདི་ལྟ་བུ་ཞིག་འབྱུང་དུ་འཇུག་མི་འདོད་ཡང་། དེ་ནི་འབྱུང་སྲིད་པ་ཞིག་རེད་ཅེས་དབྱི་ལང་ལ་འཇིགས་སྐུལ་བྱས་པ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།