ཨུ་རུ་སུའི་འཐུས་མིས་ཧོ་ཨེར་མུའུ་ཙི་མཚོ་འགག་དང་འབྲེལ་བའི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་བྱུང་ན་ཉེན་ཁའི་དཔེ་གཞི་བསྐྲུན་སྲིད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཚེས7ཉིན་གྱི་ཨུ་རུ་སུའི་འཕྲིན་གཏོང་ཁང་གི་གནས་ཚུལ་ལྟར་ན། ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཉེ་པེན་ཅ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཧོ་ཨེར་མུའུ་ཙི་མཚོ་འགག་དང་འབྲེལ་བའི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་བྱུང་ན་རྒྱལ་སྤྱིའི་བཅའ་ཁྲིམས་སྟེང་གི་ཉེན་ཁའི་དཔེ་གཞི་བསྐྲུན་སྲིད་ཟེར།

ཉེ་པེན་ཅ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས7ཉིན་བསྡུས་པའི་དབུས་ཤར་གནས་བབ་སྐོར་གྱི་གྲོས་ཚོགས་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། དེའི་སྔོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧོ་ཨེར་མུའུ་ཙི་མཚོ་འགག་དང་འབྲེལ་བའི་ཆོད་དོན་འཆར་ཟིན་ཞིག་ལ་བརྡས་གཅོད་བྱས་ཏེ། ཡིད་འཐད་འདེམས་ཤོག11དང་འདེམས་ཤོག་བསྐྱུར་མཁན་གཉིས་ཡོད། རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུ་ཡིས་ངོ་རྒོལ་འདེམ་ཤོག་འཕངས་པས། ཆོད་དོན་འཆར་ཟིན་དེར་གྲོས་འཆམ་མ་བྱུང་།

ཉེ་པེན་ཅ་ཡིས་ཨུ་རུ་སུ་ཕྱོགས་ཀྱི་ལངས་ཕྱོགས་ཐད་ནས་གསལ་བཤད་བྱེད་རྒྱུར། ཆོད་དོན་འཆར་ཟིན་གྱི་དོན་ཚན་ཁ་ཤས་ནི་དོན་དངོས་སྟེང་ནས་བཤད་ན་ཨ་རི་ལ་གཏོང་འཛིན་དངུལ་ཤོག་སྟོང་བ་ཞིག་སྤྲད་པ་དང་མཚུངས་ཏེ། བཙན་འཛུལ་གྱི་བྱེད་ཐབས་མུ་མཐུད་དུ་སྤྱོད་པའམ་དབྱི་ལང་ལ་ཁ་གཏད་པའི་དྲག་ཆས་འགལ་བ་རིམ་སྤོར་བྱེད་པ་ཞིག་རེད་ཟེར། ཁོས་ད་རུང་བཤད་རྒྱུར། གལ་ཏེ་ཆོད་དོན་འཆར་ཟིན་དེར་འཐད་པ་བྱུང་ཚེ་ཡང་བསྐྱར་གྲོས་མོལ་བྱེད་པའི་མདུན་ལྗོངས་མེད་བརླག་ཏུ་གཏོང་ངེས་རེད་ཟེར།

ཉེ་པེན་ཅ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲུ་གཟིངས་དང་རྒྱུ་ནོར་གཞན་དག་ལ་སྲུང་སྐྱོབ་བྱེད་ཐབས་སྤྱོད་རྒྱུ་དེ་ལས་འཛིན་ལྷན་ཚོགས་ཀྱི་ཆོད་དོན་ལ་བརྟེན་དགོས་པ་ཞིག་མིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དོན་ཚན51པ་ལས་རྒྱལ་ཁབ་སོ་སོས་གནས་ཚུལ་གང་རུང་འོག་རང་སྲུང་དབང་ཆ་སྤྱད་ཆོག་པར་བྱས་ཡོད། ཧོ་ཨེར་མུའུ་ཙི་མཚོ་འགག་ལ་བརྟེན་ནས་སྒྲིག་སྲོལ་ལ་ཇེ་དམ་དུ་གཏོང་འདོད་པ་ནི་དབུས་ཤར་བདེ་འཇགས་ལ་གཏོར་བརླག་གཏོང་མཁན་གྱི་གཡོ་འོག་ཏུ་ཚུད་པ་ཞིག་ཡིན་ཟེར།

གཞན་ཡང་ཐ་སི་འཕྲིན་གཏོང་ཁང་གི་གནས་ཚུལ་ལྟར་ན། ཉེ་པེན་ཅ་ཡིས་བཤད་རྒྱུར། ཨུ་རི་སི་དང་ཀྲུང་གོས་ཆོད་དོན་འཆར་ཟིན་ཚབ་མ་ཞིག་འཆར་འགོད་བྱས་པར་མ་ཟད་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲད་ཡོད་ཟེར། ཉེ་པེན་ཅ་ཡིས་བཤད་རྒྱུར། ཨ་རབ་གྲོགས་པོའི་མཚོ་བགྲོད་རང་མོས་ལ་རྒྱུས་ལོན་སེམས་ཁུར་བྱེད་པའི་རྨང་གཞིའི་སྟེང་། ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱིས་མཉམ་འབྲེལ་སྒོས་གྲུབ་པའི་ཆོད་དོན་གྲོས་གཞི་དེ་ནི་ཁ་གསལ་ཞིང་འདྲ་མཉམ་ཞིག་ཡིན་ལ། ལྷག་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཁྲོད་ཀྱི་འགལ་བ་ཞི་བས་ཐག་གཅོད་པའི་སྐོར་གྱི་རྩ་དོན་དང་མཐུན་པ་ཞིག་ཡིན་ཟེར།

ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས5ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་དབྱི་ལང་ལ་ཧོ་ཨེར་མུའུ་ཙི་མཚོ་འགག་སྒོ་འབྱེད་དགོས་པའི་འཇིགས་སྐུལ་བཏང་ཞིང་། གལ་ཏེ་དེ་ལྟར་མ་སྒྲུབ་ན་དབྱི་ལང་མུན་པའི་གནས་སུ་བསྐྱལ་འགྲོ་བར་མ་ཟད། དབྱི་ལང་གི་གློག་འདོན་བཟོ་གྲྭ་དང་ཟམ་ཆེན་སོགས་འགས་གཏོར་དྲག་པོ་གཏོང་རྒྱུའི་ལྐོག་བརྡ་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།