དབྱི་ལང་གི་འཐུས་མིས་ཀྲུང་གོ་དང་ཨུ་རུ་སུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བརྟན་པོར་ལངས་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་དབྱི་ལང་གི་འཐུས་མི་དབྱི་ལ་ཝ་ཉི་ཡིས་ཚེས7ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་བརྡས་ཐག་བཅད་རྗེས་ཀྱི་གཏམ་བཤད་སྤེལ་སྐབས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུས་ཧོ་ཨེར་མུའུ་ཙི་མཚོ་འགག་གི་གྲོས་ཆོད་འཆར་ཟིན་ལ་གྲོས་ཆོད་ཕྱིར་སློག་གི་དབང་ཆ་སྤྱད་དེ། བདེ་འཇགས་ལས་འཛིན་ལྷན་ཚོགས་གང་བྱུང་དུ་སྤྱོད་རྒྱུ་བཀག་འགོག་བྱས་ནས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བརྟན་པོར་ལངས་ཡོད་ཟེར། 

དབྱི་ལ་ཝ་ཉི་ཡིས་བཤད་རྒྱུར“ཀྲུང་གོ་དང་ཨུ་རུ་སུས་བདེ་འཇགས་ལས་འཛིན་ལྷན་ཚོགས་དེ་བཙན་འཛུལ་བྱ་སྤྱོད་ཁྲིམས་མཐུན་ཅན་དུ་བསྒྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འགན་ལེན་བྱས་ནས།      ཁོ་ཚོ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བརྟན་པོར་ལངས་པ་རེད།   རྒྱལ་ཁབ་གཉིས་ཀྱིས་འགན་འཁུར་བའི་བྱ་སྤྱོད་དང་དགེ་མཚན་ལྡན་པའི་རྣམ་འགྱུར།     དེ་བཞིན《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་རྩ་དོན་དང་ཡོངས་སུ་མཐུན་པའི་གྲོས་ཆོད་ཕྱིར་སློག་གི་དབང་ཆ་སྤྱད་པར་ང་ཚོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར།

དབྱི་ལ་ཝ་ཉི་ཡིས་ད་དུང་ཁོ་ལོམ་པི་ཡ་དང་ཕ་ཁི་སི་ཐན་ལ་ཐུགས་རྗེ་ཆེ་ཞུས་ནས། རྒྱལ་ཁབ་གཉིས་ཀྱིས་དབང་ཆ་འདོར་བའི་འདེམས་ཤོག་འཕངས་ཏེ། གྲོས་ཆོད་འཆར་ཟིན་འདིར་གྲོས་འཆམ་བྱུང་ཚེ་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་མཇུག་འབྲས་ཚབས་ཆེན་བཟོ་རྒྱུའི་སེམས་ཁྲལ་བྱེད་ཀྱིན་ཡོད་པ་གསལ་བོར་མཚོན་པ་རེད་ཟེར།     

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་དབྱི་ལ་ཝ་ཉིའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན།    གྲོས་ཆོད་འཆར་ཟིན་འདིར་རྒྱབ་སྐྱོར་བྱེད་མཁན་གྱིས་དབྱི་ལང་ལ་ཁག་འགན་དཀྲི་བ་ལས། ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་གི་མི་སེར་དང་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ལ་དམིགས་ཏེ་དམག་འཁྲུག་གི་ནག་ཉེས་རྒྱུན་མཐུད་ངང་བསགས་པར་ཁུ་སིམ་མེར་བསྡད་ཡོད།     “ཁོ་ཚོའི་ལངས་ཕྱོགས་དང་འདེམས་ཤོག་འཕེན་པ་ནི་ཚད་གཞི་ཉིས་བརྩེགས་ཡིན་པ་དང་།     འདིའི་ཐོག་ནས་ཁོ་ཚོས་ཁྱབ་བསྒྲགས་བྱས་པའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ཀྱི་ཁས་ལེན་དང་དེའི་བྱ་སྤྱོད་དངོས་བར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་མངོན་ཡོད” ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་པ་རེན་རྒྱལ་ཁབ་ཀྱིས་བཏོན་པའི་ཧོ་ཨེར་མུའུ་ཙི་མཚོ་འགག་གི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། ཁོངས་ཞུགས་རྒྱལ་ཁབ15ཡི་ནང་ནས་མོས་མཐུན་འདེམས་ཤོག11འཕངས་པ་དང་།    ཕ་ཁི་སི་ཐན་དང་ཁོ་ལོམ་པི་ཡ་རྒྱལ་ཁབ་གཉིས་ཀྱིས་དབང་ཆ་དོར། ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་མི་འཐད་པའི་འདེམས་ཤོག་འཕངས་ཏེ། འཆར་ཟིན་ལ་གྲོས་འཆམ་མ་བྱུང་། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།