
དབྱི་ཐ་ལིའི་རྒྱལ་སྲུང་པུའུ་ཀྲང་ཁོ་ལུའོ་སའེ་ཐུའོ་ཡིས་ཚེས7ཉིན་བསྟན་དོན། དབྱི་ཐ་ལི་ཕྱོགས་ཀྱིས་དེ་སྔ་ཨ་རིས་དེའི་དམག་དོན་རྟེན་གཞི་སྤྱོད་རྒྱུ་ཁས་མ་བླངས་པའི་བྱེད་སྟངས་དེ། ཨ་རི་ཕྱོགས་དང་བྱང་ཆིངས་ཀྱི་ད་ཡོད་གྲོས་ཡིག་དང་མཐུན་པ་དང་། དབྱི་ཐ་ལི་ནི་ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་ལ་དམིགས་པའི་དམག་འཁྲུག་ནང་མི་ཞུགས་ཟེར།
ཁོ་ལུའོ་སའེ་ཐུའོ་ཡིས་ཉིན་དེར་དབྱི་ཐ་ལིའི་གྲོས་ཁང་ཞོལ་མར་དབུས་ཤར་ས་ཁུལ་གྱི་འགལ་ཟླའི་སྐོར་ནས་གཏམ་བཤད་སྐབས་གོང་གསལ་གྱི་རྣམ་འགྱུར་བསྟན་པ་རེད། དེ་སྔོན་དབྱི་ཐ་ལིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁོ་ལུའོ་སའེ་ཐུའོ་ཡིས་ཟླ་3པའི་ཟླ་མཇུག་ཏུ་ཨ་རིའི་དམག་ཕྱོགས་ཀྱིས་ཞི་ཞི་ལི་གླིང་ཕྲན་དུ་གནས་པའི་ཞི་ཀི་ནེ་ལ་དམག་དོན་རྟེན་གཞི་སྤྱོད་རྒྱུ་ཁས་མ་བླངས་པ་དང་། དེའི་རྒྱུ་རྐྱེན་ནི་འབྲེལ་ཡོད་འཕུར་སྐྱོད་འཆར་གཞིར་སྔོན་ལ་བརྡ་ཁྱབ་མ་བཏང་བ་དང་དབང་ཆ་ཐོབ་མེད་པ་རེད་ཟེར།
ཁོ་ལུའོ་སའེ་ཐུའོ་ཡིས་བསྟན་དོན། དོན་རྐྱེན་དང་འབྲེལ་བ་ཡོད་པའི་གནམ་གྲུ་གཉིས་ཀྱི་ནང་དབྱི་ལང་ལ་འགད་གཏོར་གཏོང་བའི་མཚོན་ཆ་བཟུང་ཡོད་པ་དང་། འབྲེལ་ཡོད་གཏན་འབེབས་ལྟར་ན། གནས་ཚུལ་འདིའི་རིགས་རྒྱུན་ལྡན་དང་མཁོ་སྒྲུབ་དངོས་པོར་མི་གཏོགས་པས། ངེས་པར་དུ་དབྱི་ཐ་ལི་གྲོས་ཁང་གིས་ཆོག་མཆན་ཐོབ་དགོས་པ་རེད། ཁོས“ང་ཚོས་གཞིར་འཛིན་པ་ནི་བཅའ་ཁྲིམས་དང་རྒྱལ་སྤྱིའི་གྲོས་ཡིག དེ་མིན་རྩ་ཁྲིམས་བཅས་ཡིན”ཞེས་ནན་བཤད་བྱས།
ཉིན་དེའི་སྔ་དུས་སུ་ཁོ་ལུའོ་སའེ་ཐུའོ་ཡིས་དབྱི་ཐ་ལིའི《དགོང་མོའི་སྦྲག་སྲིད་ཚགས་པར》གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་རི་དང་དབྱི་སི་རལ་དང་དབྱི་ལང་བཅས་བར་གྱི་འགལ་ཟླ་སྔར་བས་རིམ་སྤར་བྱེད་པར་བཀག་འགོག་བྱེད་དགོས་པ་དང་འབྲེལ། “དེང་སྐབས་ཀྱི་ཛ་དྲག་གི་གནས་བབ་ནི་ཉེ་བའི་ལོ་བཅུ་ཕྲག་རིང་སྔར་བྱུང་མྱོང་མེད” ལ། ཉིང་རྡུལ་མཚོན་ཆ་སྤྱོད་པའི་ཉེན་ཁ་ཡོད་ཅེས་ཐ་ཚིག་བསྒྲགས། ཁོས་ད་དུང་བཤད་རྒྱུར། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡི་ཉེ་འགྲམ་དུ་དེ་ལས་མང་བའི“ཐད་ཀར་བཤད་ཕོད་པའི་ལས་རོགས”ཡོད་དགོས་ཟེར།
མཚོ་མོ་སྐྱིད་ཀྱིས་བསྒྱུར།