དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་མགོ་མ་བརྩམས་གོང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དོན་ཚན་གསུམ་ཕོག་ཐུག་བཏང་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས8ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་མགོ་མ་བརྩམས་གོང་། དབྱི་ལིང་ཕྱོགས་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་དོན་ཚན་སྣ་བཅུ་བཏོན་པ་ལས་གསུམ་ལ་ཕོག་ཐུག་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁར་སེམས་གཏིང་ནས་ཡིད་ཆེས་མེད་པ་ནི་ཨ་མེ་རི་ཁས་ཐེངས་མང་བོར་རྣམ་པ་མི་འདྲ་བའི་དམ་བཅའ་ལ་འགལ་བའི་བྱ་སྤྱོད་སྤེལ་བས་ཡིན། ཡིད་འཕང་བ་ཞིག་ནི་གནས་ཚུལ་དེ་རིགས་ཡང་བསྐྱར་བྱུང་སོང་ཟེར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་ལིང་གིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དོན་ཚན་བཅུ་བོ་དེ་ལག་བསྟར་ཆོག་པའི་གྲོས་མོལ་གྱི་རྨང་གཞི་ཡིན་པར་བཤད་ཀྱང་། གྲོས་མོལ་མགོ་མ་བརྩམས་པར་གྲོས་མོལ་གྱི་རྨང་གཞི་དེར་མངོན་སུམ་འཛེམ་མེད་ཀྱིས་གཏོར་བརླག་བཏང་ཡོད་ཟེར།

ཁཱ་ལེ་པཱ་ཧྥུའུ་ཡིས་བཤད་པ་ལྟར་ན། ཕོག་ཐུག་བཏང་བའི་ནང་དོན་གཅིག་ནི་ལེ་པཱ་ནུན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དེ་རེད། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་དེའི་སྔོན་དབྱི་ལིང་དང་ཨ་མེ་རི་ཁ། དེ་མིན་རྒྱལ་ཁབ་གཉིས་ཀྱི་མནའ་མཐུན་གྲོགས་པོས་མྱུར་མོར་ལེ་པཱ་ནུན་དང་བཅས་པའི་ས་ཁུལ་ཚང་མར་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཡོད་པ་ཁྱབ་བསྒྲགས་བྱས་ཡོད། གཉིས་ནི་དབྱི་ལིང་གི་མཁའ་ཁོངས་ལ་བཙན་འཛུལ་བྱེད་པ་གཏན་འགོག་བྱེད་པ་དེ་རེད། རྒྱུ་མཚན་ནི་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གིས་ཉིན་དེར་ཧྥ་ཨར་སི་ཞིང་ཆེན་གྱི་ལཱ་ཨར་གྲོང་ཁྱེར་གྱི་བར་སྣང་ནས་མི་མེད་གནམ་གྲུ་ཞིག་བཀག་ནས་སར་འཕངས་ཡོད་པས་ཡིན། གསུམ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་བ་དང་ལེན་བྱེད་པ་དེ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།