
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས8ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་དབྱི་ལིང་བར་བཀོད་པའི་གཟའ་འཁོར་གཉིས་ཀྱི་རིང་འཁྲུག་རྩོད་མཚམས་འཇོག་པ་ནི་འཐབ་འཁྲུག་མཇུག་སྒྲིལ་བ་མ་ཡིན་པར། དབྱི་སི་རལ་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ཚང་མངོན་འགྱུར་བྱེད་པའི་དུས་རིམ་ཞིག་ཡིན་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་སྔར་བཞིན་དམིགས་འབེན་མང་བོ་ཡོངས་འགྲུབ་བྱེད་དགོས། གྲོས་མཐུན་འགོད་པའམ་འཐབ་འཁྲུག་སླར་གསོ་བྱེད་པ་གང་ཡིན་ཡང་། ང་ཚོས་དམིགས་འབེན་དེ་དག་མངོན་འགྱུར་བྱེད་རྒྱུ་ཡིན། དབྱི་སི་རལ་གྱིས་དུས་ངེས་མེད་དུ་འཐབ་འཁྲུག་སླར་གསོ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། ཁོས་ཨ་མེ་རི་ཁ་དང་དབྱི་ལིང་གི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པ་དེར་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་འབྲེལ་བ་མེད་པར་བྱེད་དགོས་པའི་རེ་བ་བཏོན་ཡོད་ལ། ང་ཚོས་མུ་མཐུད་དུ་ཤུགས་ཆེན་པོས་དེར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།
དབྱི་སི་རལ་རྒྱལ་ནང་གི་མི་ལ་ལས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གནས་ཚུལ་ཅི་ཡང་ཤེས་མེད་པའི་སྐབས་སུ་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་འཁྲུག་རྩོད་མཚམས་འཇོག་པའི་བརྡ་བཏང་བར་སྐྱོན་བརྗོད་བྱེད་པར་དམིགས་ནས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་བར་མཐུན་སྦྱོར་གང་ལེགས་བྱས་རྗེས་ད་གཟོད་དབྱི་ལིང་བར་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་པའི་གྲོས་མཐུན་བཀོད་པ་ཡིན་ལ། ཆེས་མཇུག་མཐའི་སྐད་ཅིག་མར་ད་གཟོད་དབྱི་སི་རལ་ཕྱོགས་ལ་བརྡ་བཏང་བ་མིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།