ཨ་མེ་རི་ཁ་དང་དབྱི་ལིང་གིས་ཚེས11ཉིན་གྱི་སྔ་དྲོར་དབྱི་སི་ལན་པའོ་ནས་གྲོས་མོལ་ཐོག་མ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐི་ཡིས་ཚེས8ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཚེས11ཉིན་གྱི་སྔ་དྲོར་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་གྲོས་མོལ་ཐོག་མ་སྤེལ་རྒྱུ་ཡིན་ཟེར། ཁོ་མོས་ད་རུང་ཨ་མེ་རི་ཁ་ཕྱོགས་ཀྱིས་དང་ལེན་བྱས་པ་ནི་དབྱི་ལིང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཇུས་གཞི་གསར་བ་ཡིན་པ་ལས་ཆེས་ཐོག་མར་བཏོན་པའི་གྲོས་གཞི་སྣ་བཅུ་བོ་དེ་མིན་ཟེར།

ལའེ་ཝེ་ཐི་ཡིས་བཤད་རྒྱུར། སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཁོའི་གྲོས་མོལ་འཐུས་ཚབ་ཚོགས་པ་དབྱི་སི་ལན་པའོ་རུ་གཟའ་འཁོར་འདིའི་གཟའ་མཇུག་གི་གྲོས་མོལ་ལ་ཞུགས་པར་མངགས་ཡོད། འཐུས་ཚབ་ཚོགས་པའི་ཁོངས་མིར་ཨ་མེ་རི་ཁའི་སྲིད་འཛིན་གཞོན་པ་ཝན་སི་དང་། སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ། ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་སོགས་འདུས། ཀུན་གྱིས་དོ་སྣང་བྱེད་ཅིང་རྙོག་འཛིང་ཆེ་བའི་གྲོས་མོལ་དེ་དག་མ་འོངས་པའི་གཟའ་འཁོར་གཉིས་ནང་གསང་སྟབས་ཀྱིས་སྤེལ་རྒྱུ་ཡིན་ཡང་། གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཧའོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་སྒོ་འབྱེད་སྲུང་འཛིན་བྱས་ཏེ། ཚོད་འཛིན་དང་འགོར་འགྱངས་གང་ཡང་མེད་པར་བྱེད་དགོས་ཟེར།

ལའེ་ཝེ་ཐི་ཡིས་བཤད་རྒྱུར། དབྱི་ལིང་གིས་ཆེས་ཐོག་མར་བཏོན་པའི་གྲོས་གཞི་སྣ་བཅུ་བོ་དེ་དང་ལེན་བྱེད་ཐབས་མེད་པ་དང་། དེའི་རྗེས་སུ་དབྱི་ལིང་གིས་སྔར་ལས་ལུགས་མཐུན་དང་སྟབས་བདེའི་ཇུས་གཞི་ཞིག་བཏོན་ཡོད། སྲིད་འཛིན་ཐི་ལིང་ཕུའུ་དང་ཁོའི་གྲོས་མོལ་འཐུས་ཚབ་ཚོགས་པས་བལྟས་ན། བཟོ་བཅོས་བྱས་རྗེས་ཀྱི་ཇུས་གཞི་གསར་བ་དེ་གྲོས་མོལ་གྱི་རྨང་གཞིར་བྱས་ཆོག་པར་མ་ཟད། ཨ་མེ་རི་ཁའི་འཆར་གཞི་བཅོ་ལྔ་བོ་དང་གཅིག་མཐུན་ཡིན་པར་འདོད། ཐི་ལིང་ཕུའུ་ཡིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་བ་མཚམས་འཇོག་པའི་རེ་བ་འདོན་པའི་ཚད་མཐར་འགྱུར་བ་བྱུང་མེད། ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་རེ་འདུན་གསལ་ཁྲ་ལྟ་བུའི་གྲོས་མཐུན་དང་ལེན་བྱས་པའི་བཤད་ཚུལ་དེ་ནི་རྫུན་གཏམ་ཁོ་ན་རེད་ཟེར།

འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ་ཨ་མེ་རི་ཁའི་དམག་དཔུང་གི་འབྲེལ་ཡོད་འགུལ་སྐྱོད་གླེང་སྐབས། ལའེ་ཝེ་ཐི་ཡིས་བཤད་རྒྱུར། ང་ཚོས་མྱུར་མོར་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད། ང་ཚོས་འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ། ཨ་མེ་རི་ཁ་དང་དབྱི་ལིང་གིས་གྲོས་མཐུན་བཟང་བོ་ཞིག་འགོད་ཐུབ་པར་རེ་བཞིན་ཡོད་ཀྱང་། ང་ཚོའི་དམག་དཔུང་གིས་དུས་ངེས་མེད་དུ་དམག་སྤྱིའི་བཀའ་རྒྱ་དང་བཀོད་འདོམ་ལ་ཉནནས་དམག་འཐབ་གྲ་སྒྲིག་གི་རྣམ་པ་སྲུང་འཛིན་བྱེད་ངེས་ཡིན་ཟེར།

ལའེ་ཝེ་ཐི་ཡིས་བཤད་རྒྱུར། མིག་སྔར་ལེ་པཱ་ནུན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ནང་དོན་ནང་མེད། གནས་ཚུལ་དེ་འཁྲུག་རྩོད་མཚམས་འཇོག་པར་ཞུགས་པའི་ཕྱོགས་སོ་སོར་བརྡ་བཏང་ཡོད་ཟེར། ཐི་ལིང་ཕུའུ་ཡིས་ཚེས7ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁའི་བྱ་བར་ཡང་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དེའི་རྗེས་ཀྱི་གཟའ་འཁོར་གཉིས་ནང་མུ་མཐུད་དུ་རོགས་རམ་ཐུབ་པའི་མཉམ་ལས་གྲོགས་པོ་ཞིག་བྱེད་པར་ཁག་ཐེག་བྱས་ཡོད་ཟེར།

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་བ་མཚམས་འཇོག་མིན་གླེང་སྐབས། ལའེ་ཝེ་ཐི་ཡིས་བཤད་རྒྱུར། མཚམས་འཇོག་སྲིད། དེ་ནི་ཐི་ལིང་ཕུའུ་དང་ཁོའི་གྲོས་མོལ་འཐུས་ཚབ་ཚོགས་པའི་རྗེས་ཀྱི་གྲོས་མོལ་སྐོར་ཐེངས་འདིའི་ནང་གི་ལས་འགན་གཙོ་བོ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།