​མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧོ་ཨར་མུའུ་ཙི་མཚོ་འགག་དང་འབྲེལ་བའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་མ་བྱུང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས7ཉིན་པ་ལིན་གྱིས་ཧོའར་མུའུ་ཙི་མཚོ་འགག་དང་འབྲེལ་བའི་གྲོས་ཆོད་འཆར་ཟིན་ཞིག་བཏོན་པར་བརྡས་ཐག་བཅད་པ་རེད། ཁོངས་ཞུགས་རྒྱལ་ཁབ15ཡི་ནང་འདེམས་ཤོག11ལ་མོས་མཐུན་བྱུང་བ་དང་། ཕ་ཁི་སི་ཐན་དང་ཁོ་ལོམ་པི་ཡའི་འདེམས་ཤོག་མ་འཕངས། ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུས་མི་འཐད་པའི་འདེམས་ཤོག་འཕངས་ཏེ། གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་མ་བྱུང་།

ཀྲུང་གོའི་འཐུས་མིས་དེའི་རྗེས་ཀྱི་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་ནང་། གྲོས་ཆོད་ཀྱི་འཆར་ཟིན་ནང་ཕྱོགས་ཡོངས་དང་དོ་མཉམ་ངང་འགལ་ཟླའི་འབྱུང་རྩ་དང་རྣམ་པ་ཡོངས་རྫོགས་མཚོན་ཐུབ་མེད་པ་དང་། འབྲེལ་ཡོད་ཕྱོགས་རེའི་སྒོ་ནས་གནོན་ཤུགས་སྤྲོད་པ་དང་ངོ་བོ་གཏན་ཁེལ་བྱས་པ་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་ཐེབས་ཡོད་ལ། དེ་བཞིན་དྲག་ཤུགས་ལ་བརྟེན་ནས་མཚོ་འགྲུལ་སྲུང་སྐྱེལ་བྱེད་པ་སོགས་ཀྱི་ནང་དོན་འཁྱོག་བཤད་དང་ཐ་ན་གང་བྱུང་དུ་བེད་སྤྱོད་བྱས་ཡོད་པ་རེད། དབྱི་ལིང་གི་དམག་འཁྲུག་སྔར་ལས་རིམ་འཕར་བྱེད་སྲིད་པའི་རྒྱབ་ལྗོངས་འོག་ཏུ། གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ཚེ་ཧ་ཅང་ནོར་འཁྲུལ་གྱི་བརྡ་རྟགས་བཏང་ནས་མཇུག་འབྲས་ཚབས་ཆེན་བཟོ་སྲིད།

དབྱི་ལང་གི་འཐུས་ཚབ་ཀྱིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨུ་རུ་སུ་དང་ཀྲུང་གོས་ཧོ་ཨར་མུའུ་ཙི་མཚོ་འགག་དང་འབྲེལ་བ་ཡོད་པའི་གྲོས་ཆོད་འཆར་ཟིན་ལ་ངོ་རྒོལ་གྱི་འདེམས་ཤོག་འཕངས།   དེས་བདེ་འཇགས་ལས་འཛིན་ལྷན་ཚོགས་གང་བྱུང་དུ་བེད་སྤྱད་དེ་ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་གི་ཁྲིམས་མཐུན་ཅན་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་བྱས།