འཇར་པན་གྱི་མང་ཚོགས་འདུ་འཛོམས་བྱས་ནས་ཀའོ་ཧྲི་སྲིད་དབང་གིས་ཞི་བདེའི་རྩ་ཁྲིམས་ལ་གཏོར་བཤིག་བཏང་བར་རྒོལ་གཏམ་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས8ཉིན། འཇར་པན་རྒྱལ་ཡོངས་ཀྱི་ས་གནས་བརྒྱ་ཙམ་དུ་དུས་གཅིག་ཏུ་འདུ་འཛོམས་བྱེད་སྒོ་སྤེལ་ནས་ཞི་བདེའི་རྩ་ཁྲིམས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཏུང་ཅིན་དུ་འཇར་པན་གྱི་མང་ཚོགས་འབོར་ཆེན་ཞིག་གིས་ཉིན་དེའི་དགོང་མོར་འཇར་པན་རྒྱལ་ཚོགས་ཀྱི་མདུན་དུ་འདུ་འཛོམས་བྱས་ཏེ་ཀའོ་ཧྲི་སྲིད་དབང་གིས་བསད་རྨས་གཏོང་སྤྱད་མཚོན་ཆའི་ཕྱིར་གཏོང་བྱེད་མི་ཆོག་པའི་བཀག་རྒྱ་གློད་པ་སོགས་ཞི་བདེའི་རྩ་ཁྲིམས་ལ་གཏོར་བཤིག་གཏོང་བའི་འགུལ་ཕྱོགས་ལ་རྒོལ་གཏམ་བཏང་།

ཏུང་ཅིན་འདུ་འཛོམས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར།  འཇར་པན་རྩ་ཁྲིམས་ཀྱི་དོན་ཚན་དགུ་པ་ཡོད་པའི་རྐྱེན་གྱིས་ང་ཚོ་ད་གཟོད་ལོ80རིང་གི་དུས་ཚོད་ནང་དམག་འཁྲུག་ནང་མ་ལྷུང་བ་རེད། འོན་ཀྱང་ཀའོ་ཧྲི་སྲིད་གཞུང་གིས་རྒྱུན་དུ་རྩ་ཁྲིམས་བཟོ་བཅོས་བྱེད་དགོས་ཟེར་བཞིན་ཡོད། འདི་ནི་དངོས་གནས་སྨྱོན་པའི་གཏམ་སྤྱོད་རེད།

ཏུང་ཅིན་འདུ་འཛོམས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར།  ངའི་སེམས་ཧ་ཅང་མི་བདེ། ཀའོ་ཧྲི་ཡིས་འགོག་སྲུང་འགྲོ་གྲོན་ཇེ་མང་དུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། གྲོས་བསྡུར་གང་ལེགས་མ་བྱས་པའི་གནས་ཚུལ་འོག འཕུར་མདེལ་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀའོ་ཧྲི་སྲིད་གཞུང་གིས་ད་རུང་རྩ་ཁྲིམས་བཟོ་བཅོས་བྱས་ནས་འཇར་པན་དམག་འཁྲུག་སློང་ཐུབ་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་འདོད་ཀྱིན་འདུག ངས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན།

ཏུང་ཅིན་གྱི་འདུ་འཛོམས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར། ཀའོ་ཧྲི་དམག་རྒྱལ་རིང་ལུགས་ཀྱི་དུས་རབས་སུ་ལོག་འདོད་པ་མངོན་གསལ་རེད། ང་ཚོས་ངེས་པར་དུ་དེ་ལ་བཀག་འགོག་བྱེད་དགོས།