
དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐཱ་པཱ་ཡིས་ཚེས9ཉིན་གྱི་དགོང་མོར་སྔོན་ཆད་ཀྱི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཚེ་ལས་འདས་ནས་ཉིན་བཞི་བཅུ་འགོར་བ་དང་མིག་སྔའི་འཐབ་འཁྲུག་གི་གནས་ཚུལ་སོགས་གྲོས་གཞིའི་ཐད་ནས་ཡིག་ཐོག་གི་གཏམ་བཤད་སྤེལ་བ་དང་། འདོད་བློ་གསུམ་བཏོན་ཡོད་དེ། བཙན་འཛུལ་མཁན་གྱིས་ངེས་པར་དུ་གྱོང་གུད་སྐྱིན་ཚབ་སྤྲོད་དགོས་པ་དང་། ཧའོ་ཨར་མུའུ་ཙི་མཚོ་འགག་གི་དོ་དམ་དེ་དུས་རིམ་གསར་བར་བསླེབས་སྲིད་ལ། དབྱི་ལིང་གིས་ལུགས་མཐུན་ཁེ་དབང་བསྐྱུར་མི་སྲིད་པ་དང་། ས་ཁུལ་རང་གི་འགོག་རྒོལ་ལམ་ཐིག་ཚང་མ་ཕུང་བོ་གཅིག་ཏུ་བལྟ་དགོས་པ་བཅས་རེད།
མུའུ་ཅེ་ཐཱ་པཱ་ཡིས་གཏམ་བཤད་སྤེལ་སྐབས་ཉེ་སྔོན་གྱི་གནས་བབ་འགྱུར་ལྡོག་ལ་ཕྱིར་དྲན་བྱས་པ་དང་། དབྱི་ལིང་གིས་འཁྲུག་རྩོད་ཁྲོད་བློས་གཏོང་ཆེན་པོ་བྱས་ཡོད་ལ། དགྲ་བོས་བཟོས་པའི་ནག་ཉེས་ཚབས་ཆེན་ལ་སྐྱོན་འཛུགས་བྱས་པར་མ་ཟད། ཧཱ་མེ་ནེ་དབྱེ་ལ་རྗེས་དྲན་དང་མྱ་ངན་ཞུས། ཁོས་ཁྱབ་བསྒྲགས་བྱས་དོན། དབྱི་ལིང་མི་རིགས་ཀྱིས་བཙན་པོ་གཉའ་འཇོག་བྱས་པའི་འཐབ་འཁྲུག་འདིའི་ནང་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད་ཅིང་། དབྱི་ལིང་དར་རྒྱས་སུ་འགྲོ་བཞིན་པ་ནི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། བཙན་དབང་མ་ལག་ཉམས་རྒུད་དུ་འགྲོ་བཞིན་ཡོད། དེ་ཚང་མ་དབྱི་ལིང་དམག་དམངས་ཀྱི་དཔའ་མཛངས་ལྡན་པའི་འབད་འཐབ་ལས་བྱུང་བ་ཡིན་ཟེར།
མུའུ་ཅེ་ཐཱ་པཱ་ཡིས་མི་དམངས་ཟབ་ཞུགས་ཀྱི་གལ་ཆེན་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས། ཁྱོད་ཚོའི་ཐང་ཆེན་ནས་འབོད་སྐུལ་བཏང་ན་གྲོས་མོལ་གྱི་མཇུག་འབྲས་ལ་ཤུགས་རྐྱེན་བཟོ་སྲིད་ཟེར། ཁོས་རྒྱལ་ཡོངས་ཀྱིས་མཐུན་སྒྲིལ་བྱེད་པ་དང་མང་ཚོགས་དག་བསྟུད་མར་དེར་ཞུགས་ནས་ཕན་ཚུན་རོགས་སྐྱོར་བྱས་ཏེ། འཐབ་འཁྲུག་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མང་ཚོགས་ཀྱིས་དགྲ་ཕྱོགས་ཀྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།
ས་ཁུལ་གྱི་གནས་བབ་ཐད་ནས་མུའུ་ཅེ་ཐཱ་པཱ་ཡིས་དབྱི་ལིང་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ལ་བརྡ་བཏང་ཡོད་དེ། ཁོ་ཚོས་མིག་སྔའི་གནས་བབ་ལ་གོ་བ་ཡང་དག་ལེན་དགོས་པ་དང་། ཁྱོད་ཚོ་བཤུ་གཞོག་བྱེད་པའི་ཆེད་གཅོད་མཁན་དང་རྒྱང་དུ་གྱེས་ནས་དབྱི་ལིང་བར་དགེ་སེམས་འཛིན་དགོས་ཟེར།
མུའུ་ཅེ་ཐཱ་པཱ་ཡིས་བསྟན་དོན། དབྱི་ལིང་གིས་གྲོས་མོལ་སྐབས་དང་གཡུལ་ས་ནས་སྔར་གཏན་འཁེལ་བྱས་པའི་དམིགས་འབེན་ལ་སྐུལ་འདེད་བཏང་སྟེ། དགྲ་བོ་ལས་རྒྱལ་བར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།