
ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་སྲིད་གཞུང་དྲ་ཚིགས་ཀྱིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་གྲོས་མོལ་བར་གྲོས་མོལ་བྱས་ནས་གྲོས་མཐུན་འགོད་ཐུབ་ཀྱང་དཀའ་ཁག་ཆེ་ཟེར།
ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བཤད་རྒྱུར། ཁུ་པཱ་ཡིས་ཐོག་མཐའ་བར་གསུམ་དུ་ཨ་མེ་རི་ཁའི་བར་དཔལ་ཡོན་གྱི་ཁྱིམ་མཚེས་འབྲེལ་བ་བཙུགས་ཡོད་པ་དང་། ཁྱབ་ཁོངས་མང་བོར་མཉམ་ལས་དང་བརྗེ་རེས་སྤེལ་བཞིན་ཡོད། ཁུ་པཱ་ཡིས་ཐོག་མཐའ་བར་གསུམ་དུ་འབྲེལ་བ་དེ་རིགས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྨང་གཞིའི་སྟེང་འཛུགས་དགོས་པ་ལས་ཟུར་སྣོན་ཆ་རྐྱེན་བཙན་འཇོག་བྱེད་མི་རུང་ཟེར།
ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བཤད་རྒྱུར། ཁུ་པཱ་ཡིས་ཨ་མེ་རི་ཁའི་སྐབས་རིམ་བྱུང་སྲིད་གཞུང་བར་འབྲེལ་འདྲིས་དང་གྲོས་མོལ་བྱས་ཏེ་ཁས་ལེན་དམ་བཅའ་རེ་འགའ་བྱས་ཡོད་ལ། ཁུ་པཱ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འབྲེལ་ཡོད་དམ་བཅའ་བརྩི་སྲུང་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་མང་བོར་དམ་བཅའ་ལག་བསྟར་བྱས་མེད་ཟེར།
བདེ་འཇགས་གནད་དོན་གླེང་སྐབས་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བཤད་རྒྱུར། ཨ་མེ་རི་ཁས་རྒྱུ་མཚན་ཅི་ཡང་མེད་པར་ཁུ་པཱར་བཙན་འཛུལ་བྱས་པ་དང་། རང་ཉིད་ལ་ཨ་མེ་རི་ཁའི་འཛིན་བཟུང་དང་ལྐོག་གསོད་ཐེབས་བཞིན་ཡོད་པས། གསར་བརྗེའི་ཆེད་དུ་རང་སྲོག་བློས་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།