ལེ་པཱ་ནུན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་དབྱི་སི་རལ་གྱི་དམག་དཔུང་གིས་འགན་འཁྲི་ལག་བསྟར་བྱེད་པར་ཐེ་གཏོགས་བྱས་པར་སྐྱོན་འཛུགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ནས་གནས་སྐབས་དམག་དཔུང་གི་རླངས་འཁོར་ལ་འཇབ་རྒོལ་བྱས་པ་དང་དེའི་ལྟ་རྟོག་སྒྲིག་ཆས་ལ་གཏོར་བརླག་བཏང་བར་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མཱེ་ཁཱ་ཝ་ཐན་ཁི་བསྐོར་ནས་ཐེངས་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་རླངས་འཁོར་ལ་འཇབ་རྒོལ་བྱས་པ་དང་། ཐེངས་གཅིག་ལ་རླངས་འཁོར་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་པེད་ཡཱ་ཏའེ་གྲོང་རྡལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་སྒར་སར་བགྲོད་སའི་གཞུང་ལམ་བཀག་སྡོམ་བྱས་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉེ་སྔོན་ཐེངས་མང་བོར་ཞི་བདེ་སྲུང་སྐྱོབ་མི་སྣའི་རང་འགུལ་སྐྱོད་ལ་བཀག་འགོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ནཱ་ཀུའུ་ལཱ་སྤྱི་ཁྱབ་པུའུ་དང་ལེ་པཱ་ནུན་དང་དབྱི་སི་རལ་བར་གྱི་མཐའ་མཚམས་ས་ཁུལ་གྱི་ལྟ་རྟོག་སྒྲིག་ཆས་ལ་གཏོར་བརླག་བཏང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་བསྟན་དོན། གོང་གི་བྱ་སྤྱོད་དེ་དག་ལས་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་ཉེན་ཁ་ཐེབས་པ་དང་། དེས་ལས་འགན་ལག་བསྟར་བྱེད་པར་བར་ཆད་བཟོས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལ་འགལ་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།