
ཨ་རིའི་སྲིད་འཛིན་གཞོན་པ་ཝན་སི་ཡིས་ཚེས12ཉིན་དབྱི་སི་ལན་པའོ་རུ་བཤད་རྒྱུར། ཨ་རི་ཕྱོགས་ཀྱི་དམིགས་འབེན་གཙོ་བོ་ནི་དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་ཡོད་ཐབས་མི་བྱེད་པ་དང་། ཉིང་རྡུལ་མཚོན་ཆ་མྱུར་དུ་བཟོ་ཐུབ་པའི་ལག་ཆའང་ཡོད་ཐབས་མི་བྱེད་པར་ཁས་ལེན་གསལ་པོ་བྱ་རྒྱུ་དེ་ཡིན། འོན་ཀྱང་དབྱི་ལང་གིས་ཨ་རིའི་རེ་བ་དང་ལེན་མ་བྱས་ཟེར། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས12ཉིན་ཁ་བྱང་ལ་གལ་ཏེ་དབྱི་ལང་གིས་མགོ་མ་སྒུར་ན། སྲིད་འཛིན་གྱི་མཇུག་མཐའི་ཐབས་མཆོག་ནི་མཚོ་ཐོག་བཀག་སྡོམ་བྱ་རྒྱུ་དེ་ཡིན་ཞེས་པའི་རྩོམ་ཡིག་ཅིག་བརྒྱུད་སྐུར་བྱས། ཐི་ལང་ཕུའུ་ཡིས་ཚེས་བཅུ་གཅིག་ཉིན་ཁོས་གྲོས་མཐུན་འཇོག་ཐུབ་མིན་ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མེད། གང་ལྟར་ཨ་རི་ནི་རྒྱལ་ཁ་ཐོབ་མཁན་དེ་ཡིན་ཞེས་བསྟན།
དབྱི་ལང་སྨྱན་སྦྱོར་གྱིས་ཚེས12ཉིན་སྤེལ་བའི་གསར་འགྱུར་ལྟར་ན། དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨའེ་ཡིས་ཉིན་དེར་བཤད་རྒྱུར། དབྱི་ལང་དང་ཨ་རི་གཉིས་ཀྱིས་གནད་དོན་འགའི་ཐད་ཐུན་མོང་ངོས་འཛིན་གྲུབ་ཡོད། འོན་ཀྱང་གནད་དོན་གལ་ཆེན་གཉིས་གསུམ་གྱི་ཐད་མི་མཐུན་ས་ཡོད་པས། མཐར་གྲོས་མཐུན་འཇོག་མ་ཐུབ་ཟེར། དབྱི་ལང་ཕྱོགས་ཀྱིས་བཤད་རྒྱུར། ཨ་རིས་དང་ལེན་བྱེད་ཐབས་མེད་པའི་རེ་བ་བཏོན་ནས་གྲོས་མཐུན་འཇོག་པར་འགོག་རྐྱེན་བཟོས་པ་རེད། དབྱི་ལང་གིས་ཕ་ཁི་སི་ཐན་དང་ས་ཁུལ་གྱི་གྲོགས་པོ་གཞན་དག་དང་མཉམ་དུ་རྒྱུན་མཐུད་ངང་འབྲེལ་གཏུག་དང་གྲོས་མོལ་བྱ་རྒྱུ་ཡིན་ཟེར།
གཞན་ཡང་ཨ་རིའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཆ་འཕྲིན་ཤེས་མཁན་ཞིག་གིས་ཨ་རི་དང་དབྱི་ལང་བར་གྱི་འགལ་བ་གཙོ་བོ་ནི་ཧོ་ཨར་མུའུ་ཙི་མཚོ་འགག་དང་ཡིའུ་གར་པོ་དང་འབྲེལ་བ་ཡོད་ཅེས་བཤད་པ་རེད།
མིག་སྔར་དབྱི་ལང་དང་ཨ་རིའི་སྐོར་ཐེངས་རྗེས་མའི་གྲོས་མོལ་གྱི་འབྲེལ་ཡོད་འཆར་གཞི་གསལ་བོར་ཤེས་ཀྱི་མེད།