ཧྥ་རན་སི་དང་སི་ཕན་སོགས་རྒྱལ་ཁབ་བཅུ་བདུན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་ལེ་པཱ་ནུན་དང་དབྱི་སི་རལ་གྱིས་གྲོས་མོལ་གོ་སྐབས་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཧྥ་རན་སི་དང་སི་ཕན་སོགས་རྒྱལ་ཁབ་བཅུ་བདུན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས14ཉིན་ལེ་པཱ་ནུན་གྱི་གནས་བབ་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ལེ་པཱ་ནུན་གྱི་སྲིད་གཞུང་གི་འཐུས་མིས་ཐད་ཀར་གྲོས་མོལ་བྱས་པར་དགའ་བསུ་ཞུས་པ་དང་། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ལེ་པཱ་ནུན་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་བྱ་བའི་ནང་འཇོག་དགོས་པ་དང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཐད་ཀར་གྲོས་མོལ་ལས་ས་ཁུལ་གྱི་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་པར་རྨང་འདིང་ཐུབ། ཕྱོགས་སོ་སོས་མྱུར་མོར་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་ནས་ཨ་མེ་རི་ཁ་དང་དབྱི་ལིང་གི་འཁྲུག་རྩོད་མཚམས་འཇོག་པའི་གོ་སྐབས་དམ་འཛིན་བྱེད་དགོས་ཟེར།

གསལ་སྒྲོག་ལས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་ཏེ་རྒོལ་གཏམ་བཏང་བ་དང་། ཀྲིན་ཀྲུའུ་ཏང་གིས་འཇབ་རྒོལ་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། དེའི་ཞོར་དུ་དབྱི་སི་རལ་གྱིས་ཚེས8ཉིན་ལེ་པཱ་ནུན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། མི་སེར་དཀྱུས་མ་དང་དམངས་བཀོལ་སྒྲིག་ཆས་ལ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་ནས་སྲུང་སྐྱོབ་ཐོབ་དགོས་པ་ནན་བཤད་བྱས། གསལ་སྒྲོག་ལས་ད་རུང་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ལེ་པཱ་ནུན་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

གསལ་སྒྲོག་དེ་ནི་ཧྥ་རན་སི་དང་སི་ཕན། ཨོ་སི་ཁྲུ་ལི་ཡཱ། པུ་ལི་ཧྲི། ཁི་ལོ་ཏིས་ཡཱ། སེ་ཕུའུ་ལུའུ་སི། ཏན་མག ཧྥུན་ལན། ཞི་ལཱ། འཁྱག་གླིང་། ལུའུ་ཙམ་པོག མཱ་ཨར་ཐཱ། ནོར་ཝེ། ཕུའུ་ཐའོ་ཡཱ། སི་ལོ་ཝུན་ནེ་ཡཱ། སུའེ་ཏེན། དབྱིན་ཇི་བཅས་རྒྱལ་ཁབ་བཅུ་བདུན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་དུ་སྤེལ་བ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།