ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་སྒོར་ཐེར་ཆེན་དགུའི་རོགས་སྐྱོར་དངུལ་བུན་སྟེར་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་སི་པུས་ཅཱ་ཡིས་ཚེས14ཉིན་བསྟན་དོན། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་དང་མཛའ་མཐུན་ལྡན་པའི་ཁ་པར་གྲོས་མོལ་བྱས་པར་མ་ཟད། ཁ་པར་གཏོང་སྐབས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་དགུའི་རོགས་སྐྱོར་དངུལ་བུན་སྟེར་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ཟེར།

སི་པུས་ཅཱ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་གི་གྲོས་རིམ་དང་གནད་འགག་ཐབས་ཇུས་ལ་སྐུལ་འདེད་གཏོང་བའི་ཐད་ནས་མཐུན་སྒྲིལ་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ལ་གྲོས་བསྡུར་བྱས་པ་དང་། ཧང་ག་རིའི་འདེམ་བསྐོའི་མཇུག་འབྲས་དང་དེ་ལས་ཡོ་རོབ་གླིང་ལ་ཐེབས་པའི་ཤུགས་རྐྱེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། སི་པུས་ཅཱ་ཡིས་བཤད་རྒྱུར། ངེས་པར་དུ་ཡོ་རོབ་གླིང་གིས་ཝུའུ་ཁི་ལན་གི་ཡོ་སྒོར་ཐེར་ཆེན་དགུའི་རོགས་སྐྱོར་དངུལ་བུན་གྱི་བཀག་རྒྱ་མེད་པར་བཏང་སྟེ། ཝུའུ་ཁི་ལན་གྱིས་མུ་མཐུད་དུ་ཡོ་རོབ་གླིང་ལ་ཨུ་རུ་སིའི་འཇིགས་ཉེན་མི་ཐེབས་པར་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

ད་ལོའི་ཟླ2པར། ཡོ་རོབ་གླིང་གྲོས་ཁང་གི་འདེམ་ཤོག་འཕངས་ནས་ཡོ་སྒོར་ཐེར་ཆེན་དགུའི་ཝུའུ་ཁི་ལན་གྱི་རོགས་སྐྱོར་དངུལ་བུན་ལ་གྲོས་མཐུན་བཀོད་དེ། ཝུའུ་ཁི་ལན་གྱི2026ལོ་ནས2027ལོའི་བར་གྱི་ནོར་སྲིད་དགོས་མཁོ་བསྐངས། ཟླ3པར། ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྟེང་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་རྡོ་སྣུམ་གྱི་སྦུག་ལམ་སྐྱེལ་འདྲེན་མཚམས་བཞག་པ་རྒྱུ་མཚན་དུ་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་དངུལ་འདོན་སྤྲོད་བྱེད་པར་བཀག་འགོག་བྱས་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།