ལེ་པཱ་ནུན་དང་དབྱི་སི་རལ། ཨ་མེ་རི་ཁ་བཅས་ཕྱོགས་གསུམ་གྱི་གྲོས་མོལ་མཇུག་སྒྲིལ་བ་དང་ལེ་པཱ་ནུན་དང་དབྱི་སི་རལ་གྱི་ཐད་ཀར་གྲོས་མོལ་དངོས་སུ་མགོ་རྩོམ་པར་འཐད་པ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས14ཉིན་ལེ་པཱ་ནུན་དང་དབྱི་སི་རལ། ཨ་མེ་རི་ཁ་བཅས་ཀྱིས་ཉིན་དེར་སྤེལ་བའི་ཕྱོགས་གསུམ་གྱི་གྲོས་མོལ་རྗེས་སུ་སྤེལ་བའི་གསལ་སྒྲོག་ལྟར་ན། ཚོགས་ཞུགས་ཕྱོགས་ཁག་སོ་སོས་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པའི་དུས་ཚོད་དང་ས་གནས་སུ་རྒྱལ་ཁབ་གཉིས་ཀྱི་ཐད་ཀར་གྲོས་མོལ་དངོས་སུ་མགོ་རྩོམ་པར་འཐད་པ་བྱུང་།

ཉིན་དེའི་གྲོས་མོལ་དུས་ཚོད་གཉིས་འགོར་བ་དང་། ཚོགས་ཞུགས་མི་སྣར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་ལེ་པཱ་ནུན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་མུས་ཞེ་ཨར་དབྱེ་སཱ། ཨ་མེ་རི་ཁར་སྡོད་པའི་ལེ་པཱ་ནུན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་ཆེན་མོ་བཅས་འདུས། ཨ་མེ་རི་ཁ་ཕྱོགས་ཀྱིས་བཤད་རྒྱུར། དེ་ནི1993ལོའི་ཚུན་ལ་ལེ་པཱ་ནུན་དང་དབྱི་སི་རལ་སྲིད་གཞུང་བར་ཐོག་དང་པོར་སྤེལ་བའི་རིམ་པ་མཐོ་བའི་གྲོས་མོལ་ཅིག་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ། མཇུག་མཐར་ཕྱོགས་ཡོངས་ཀྱི་ཞི་བའི་གྲོས་མཐུན་ཞིག་འགོད་པར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གང་ཡིན་ཡང་ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཐད་ཀར་འགོད་དགོས་ལ། ཨ་མེ་རི་ཁས་གཅིག་བསྡུས་བར་འདུམ་བྱེད་དགོས་པ་ལས་ཐབས་ལམ་གཞན་པ་གང་རུང་བརྒྱུད་མི་རུང་ཟེར།

གསལ་སྒྲོག་ལས་དབྱི་སི་རལ་ཕྱོགས་ཀྱིས་གྲོས་མོལ་ཁྲོད་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ལེ་པཱ་ནུན་སྲིད་གཞུང་བར་མཉམ་ལས་བྱས་ཏེ་དམིགས་འབེན་དེ་མངོན་འགྱུར་བྱེད་རྒྱུ་ཁས་ལེན་བྱས་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ད་རུང་ཐད་ཀར་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་ཐུབ་མེད་པའི་གནད་དོན་ཐག་བཅད་དེ་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

ལེ་པཱ་ནུན་གྱིས་བསྐྱར་བསྒྲགས་བྱས་དོན། མིག་སྔར་ཕྱོགས་ཡོངས་ནས2024ལོའི་ཟླ11པར་བཀོད་པའི་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་བྱེད་དགོས་ཟེར། ལེ་པཱ་ནུན་ཕྱོགས་ཀྱིས་མངའ་ཁོངས་ཆ་ཚང་ཡོང་བ་དང་རྒྱལ་ཁབ་ཀྱི་བདག་དབང་གི་གཞི་རྩའི་རྩ་དོན་ནན་བཤད་བྱས་པར་མ་ཟད། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཞོར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་དེའི་འཁྲུག་རྩོད་དབང་གིས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་ཡེ་ཞེ་ཨེ་ཨར་ལའེ་ཐི་ཡིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ལེ་པཱ་ནུན་སྲིད་གཞུང་དང་དབྱི་སི་རལ་ཕྱོགས་ཀྱིས་ཀྲིན་ཀྲུའུ་ཏང་ལ་བཟུང་བའི་ལངས་ཕྱོགས་གཅིག་འདྲ་ཡིན་ཟེར། ཁོས་བཤད་རྒྱུར། གྲོས་མོལ་ལས་གྲོས་གཞི་འགའ་བཏོན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རང་རང་གི་སྲིད་གཞུང་ལ་སྤྲད་རྗེས། མ་འོངས་པའི་གཟའ་འཁོར་འགའི་ནང་ཡང་བསྐྱར་གྲོས་ཚོགས་བསྡུས་ནས་མུ་མཐུད་དུ་ཝ་ཧྲིན་ཐོན་ནས་གྲོས་མོལ་སྤེལ་དགོས་ཀྱང་སྲིད་ཟེར།

ཨ་མེ་རི་ཁར་སྡོད་པའི་ལེ་པཱ་ནུན་གྱི་གཞུང་ཚབ་ཆེན་མོ་མུའུ་ཨར་ཝ་ཏི་ཡིས་བསྟན་དོན། ཉིན་དེའི་ཐོག་མའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། དབྱི་སི་རལ་བར་ཐེངས་རྗེས་མའི་ཐད་ཀར་གྲོས་མོལ་སྤེལ་བའི་དུས་ཚོད་དང་ས་གནས་དེ་འོས་འཚམ་ཡིན་དུས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།