ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གི་གྲོང་རྡལ་གཙོ་བོ་བཙན་བཟུང་བྱེད་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས15ཉིན་གྱི་དགོང་མོར་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་མི་འགྱངས་པར་ཀྲིན་ཀྲུའུ་ཏང་གི་ལེ་པཱ་ནུན་ལྷོ་ཕྱོགས་སུ་ཡོད་པའི་གྲོང་རྡལ་གཙོ་བོ་པེན་ཐི་ཀྲུའུ་པེད་ལེ་བཙན་བཟུང་བྱེད་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་བསྟུད་མར་ཀྲིན་ཀྲུའུ་ཏང་ལ་ཆམ་ཕབ་གཏོང་བཞིན་ཡོད་པ་དང་། འཐབ་འཁྲུག་བྱེད་ས་གཙོ་བོ་ནི་པེན་ཐི་ཀྲུའུ་པེད་ལེ་ཡིན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་མི་འགྱངས་པར་གྲོང་རྡལ་དེ་བཙན་བཟུང་བྱས་ནས་ཀྲིན་ཀྲུའུ་ཏང་གི་གྲོང་རྡལ་གཙོ་བོ་དེ་རྨེག་མེད་དུ་གཏོང་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་བདེན་དཔང་བྱས་དོན། ཉིན་དེ་སྔ་དྲོར། དབྱི་སི་རལ་གྱི་དམག་མི་ལྔར་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཀྲིན་ཀྲུའུ་ཏང་གི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ནས་རྨས་ཕོག་པ་དང་། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། ཀྲིན་ཀྲུའུ་ཏང་བར་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་འཐད་པ་འབྱུང་དགོས་པའི་རེ་བ་བཏོན་ཡོད་ཟེར། དབྱི་སི་རལ་གྱི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་གནས་སྐབས་སུ་གཟའ་འཁོར་གཅིག་ཙམ་ལ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་བཏོན་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྲིད་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་དོན་དེའི་ཐད་ནས་ཆོད་དོན་གང་ཡང་སྤེལ་མེད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གཏམ་བཤད་སྤེལ་སྐབས་ད་རུང་བཤད་རྒྱུར། སྔ་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཞི་འཇགས་ས་ཁུལ་རྒྱ་བསྐྱེད་དེ། ཤར་ཕྱོགས་སུ་ཀི་ལན་མཐོ་སའི་ཧི་ཨར་མིན་རི་བོའི་བར་རྒྱུན་བསྲིངས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།