
ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་ཚེས16ཉིན་ལེ་པཱ་ནུན་དང་དབྱི་སི་རལ་གྱིས་དུས་ཡུན་ཉིན་བཅུའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་ཡིས་ཉིན་དེར་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ངེས་པར་དུ་དངོས་འབེབས་བྱེད་དགོས་ཟེར།
ཁོས་བསྟན་དོན། དབྱི་སི་རལ་དང་ལེ་པཱ་ནུན་གྱིས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ནས་གྲུབ་འབྲས་བཟང་བོ་ལོན་པར་གལ་འགངས་ཧ་ཅང་ཆེ་བ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་ཡིན་པར་མ་ཟད། རྒྱུན་མཐུད་ཞི་བདེ་མངོན་འགྱུར་བྱེད་པའི་རེ་འདུན་གྱི་ཆེད་དུའང་ཡིན་ཟེར། ཁོས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་བསྒྲགས་བྱས།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཏི་ལའེ་ཨིན་གྱིས་ཀྱང་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ལེ་པཱ་ནུན་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་དོན་དེ་མི་སེམས་གསོ་བྱེད་ཅིག་ཡིན། རྒྱུ་མཚན་ནི་འཁྲུག་རྩོད་དེ་ལས་མི་མང་བོར་ཤི་རྨས་ཐེབས་ཡོད་པས་ཡིན་ཟེར།
ཁོ་མོས་ད་རུང་ནན་གྱིས་བསྟན་དོན། མིག་སྔར་མཁོ་བ་ནི་གནས་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་ཙམ་མ་ཡིན་པར། དུས་གཏན་གྱི་ཞི་བདེའི་ཐབས་ལམ་ཡིན་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། ཡོ་རོབ་གླིང་གིས་མུ་མཐུད་དུ་ལེ་པཱ་ནུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།