
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས16ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ལེ་པཱ་ནུན་བར་ལོ་རྒྱུས་རང་བཞིན་ལྡན་པའི་ཞི་བདེའི་གྲོས་མཐུན་འགོད་པར་གོ་སྐབས་ཡོད་ལ། དམག་དོན་གནོན་ཤུགས་སྲུང་འཛིན་བྱས་པའི་ཞོར་དུ་འབྲེལ་ཡོད་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། གོ་སྐབས་དེ་འདྲ་བྱུང་བ་ནི་དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་ལ་བརྟེན་ནས་ལེ་པཱ་ནུན་གྱི་དབང་ཤུགས་དོ་མཉམ་བཅོས་བསྒྱུར་བྱས་པ་དང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་ཆམ་ཕབ་དྲག་པོ་བཏང་བས་ཡིན། འདས་པའི་ཟླ་ངོ་གཅིག་གི་ནང་། དབྱི་སི་རལ་ཕྱོགས་ལ་ལེ་པཱ་ནུན་གྱི་ཐད་ཀར་གྲོས་མོལ་བྱེད་པའི་རེ་ཞུ་ཐེངས་མང་འབྱོར་བ་དང་། དེ་ནི་ལོ་ངོ་བཞི་བཅུ་ལྷག་གི་རིང་བྱུང་བའི་སྣང་ཚུལ་ཐོག་མ་རེད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཁོ་དང་ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གཉིས་ཕོ་བྲང་དཀར་པོར་གདན་དྲངས་ནས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་རྩིས་ཡོད། དབྱི་སི་རལ་ཕྱོགས་ཀྱིས་གྲོས་མོལ་ལ་སྐུལ་འདེད་གཏོང་བར་ཉིན་བཅུའི་རིང་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཡོད་ཀྱང་། ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་གཏོང་བ་ནི་སྔར་བཞིན་དབྱི་སི་རལ་ཕྱོགས་ཀྱི་རེ་བ་གཙོ་བོ་ཞིག་ཡིན་ཟེར།
ཁོས་ནན་གྱིས་བསྟན་དོན། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱིས་ལེ་པཱ་ནུན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་དེ་དང་ལེན་བྱས་མེད་པ་དང་། དབྱི་སི་རལ་གྱི་དམག་དཔུང་མུ་མཐུད་དུ་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་བཅའ་སྡོད་བྱས་ནས། དམག་དོན་འགུལ་སྐྱོད་ལ་བརྟེན་ནས་བདེ་འཇགས་ས་ཁུལ་རྒྱ་བསྐྱེད་བྱེད་པ་དང་འཇིགས་ཉེན་བྱུང་ཚེ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།