
དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས16ཉིན་བསྟན་དོན། ལེ་པཱ་ནུན་ནི་དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། དབྱི་ལཞིང་གིས་ས་ཁུལ་གྱི་ཕྱོགས་ཡོངས་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཡོད་ཀྱང་། དགྲ་ཕྱོགས་ཀྱིས་ཐེངས་མང་བོར་དམ་བཅའ་དང་འགལ་བའི་བྱ་སྤྱོད་སྤེལ་སྟབས་འབྲེལ་ཡོད་བྱ་བའི་གྲུབ་འབྲས་ལ་བར་ཆད་ཐེབས་ཡོད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ལེ་པཱ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཕཱ་ཁི་སི་ཐན་གྱི་སྐམ་དམག་གི་ཇུས་འདོན་དཔོན་མུའུ་ནེ་ཨར་དང་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་ལིང་གིས་རྒྱལ་ཁབ་རང་དང་ས་ཁུལ་ཧྲིལ་བོའི་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་པ་དང་། འཐབ་འཁྲུག་བསླངས་ཤིང་ད་ལྟ་ཡང་འཐབ་འཁྲུག་མྱུར་མོར་མཚམས་འཇོག་པར་བྲེལ་བ་ལངས་པའི་རྒྱལ་ཁབ་དག་གིས་ཡིད་རྟོན་མེད་པའི་བྱ་སྤྱོད་མཚམས་འཇོག་པར་རེ་བཞིན་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ལེ་པཱ་ནུན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཁཱ་ལེ་པཱ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། འཁྲུག་རྩོད་ས་ཁུལ་ཚང་མ་ནས་འཁྲུག་རྩོད་མཚམས་འཇོག་པ་ནི་དབྱི་ལིང་དང་ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་བར་འདུམ་འོག་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ནང་དོན་ཡིན། ལེ་པཱ་ནུན་ནི་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པར་མེད་དུ་མི་རུང་བ་དང་། ས་ཁུལ་གྱི་རྒྱུན་མཐུད་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། མུའུ་ནེ་ཨར་གྱིས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ལེ་པཱ་ནུན་གྱི་གནས་བབ་ལ་དོ་སྣང་བྱེད་རྒྱུ་མ་ཟད། ངེས་པ་དོན་གྱིས་གྲོས་མོལ་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། དེའི་ཞོར་དུ་སྔ་མོ་ནས་ཁཱ་ལེ་པཱ་ཧྥུའུ་དང་མཉམ་དུ་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་ཡང་བསྐྱར་གྲོས་མོལ་བྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།