
དབྱི་ལིང་གི་ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་ཚེས16ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་གྲོས་དཔོན་པེ་ལི་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དེ་ཡང་དབྱི་ལིང་གི་འཁྲུག་རྩོད་མཚམས་འཇོག་པ་དང་འདྲ་བར་གལ་ཆེན་ཡིན་ཟེར།
ཁཱ་ལེ་པཱ་ཧྥུའུ་དང་པེ་ལི་གཉིས་ཀྱིས་ལེ་པཱ་ནུན་གྱི་གནས་བབ་དང་འཁྲུག་རྩོད་མཚམས་འཇོག་པའི་གནས་ཚུལ་ལ་གྲོས་བསྡུར་བྱས། ཁཱ་ལེ་པཱ་ཧྥུའུ་ཡིས་བསྟན་དོན། དབྱི་ལིང་གིས་ལེ་པཱ་ནུན་གྱི་གནས་བབ་དང་འཁྲུག་རྩོད་མཚམས་འཇོག་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དེ་དབྱི་ལིང་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། དབྱི་སི་ལན་པའོ་ཡི་གྲོས་མོལ་སྐབས་དང་གྲོས་མོལ་བྱས་རྗེས། དབྱི་ལིང་གིས་ནམ་རྒྱུན་དགྲ་ཕྱོགས་ལ་གནོན་ཤུགས་བྱིན་ནས། ཕ་རོལ་བས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གཞིར་བཟུང་སྟེ་འཁྲུག་རྩོད་ས་ཁུལ་ཚང་མར་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དུ་འཇུག་པའི་སྐུལ་མ་གཏོང་བཞིན་ཡོད། དབྱི་ལིང་ལ་མཚོན་ན། ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དེ་དབྱི་ལིང་གི་འཁྲུག་རྩོད་མཚམས་འཇོག་དང་འདྲ་བར་གལ་ཆེན་ཡིན་ཟེར།
པེ་ལི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ལེ་པཱ་ནུན་དུ་གནམ་གྱིས་མི་ཁེབས་པའི་ནག་ཉེས་བཟོ་བཞིན་ཡོད་ཅིང་། ལེ་པཱ་ནུན་གྱི་མང་ཚོགས་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཡུལ་ཁྱམས་བྱེད་དགོས་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།