
ས་དེའི་དུས་ཚོད་ཚེས་16ཉིན་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་ཡི་གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་ཁོང་ཀོ་པུའུ་ཡི་རྒྱལ་ས་པུ་ར་ཁྲའེ་ཝེར་དུ་ཙུང་ཐུང་ས་སུའུ་ཡི་འགན་བཞེས་མཛད་སྒོར་ཞུགས། ཚེས་17ཉིན་ས་སུའུ་ཡིས་ཙུང་ཐུང་ལས་ཤག་ཏུ་ཧྲའོ་ཧུང་དང་མཇལ་འཕྲད་གནང་། ཧྲའོ་ཧུང་གིས་ས་སུའུ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཨ་ཧྥེ་རི་ཁའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་འགོ་གཙོ་ཡི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་མཉམ་ལས་ཟབ་སྤེལ་དུ་གཏོང་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དང་འཛམ་གླིང་གི་ལྷོ་ཕྱོགས་མཐུན་སྒྲིལ་རོགས་ལས་ལ་སྣེ་ཁྲིད་བྱེད་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞི་ས་སུའུ་ཡིས་ཧྲའོ་ཧུང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་ཕོ་ཉ་མངགས་ནས་ཁོང་གི་འགན་བཞེས་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོང་ཀོ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་བྱས་ལ། ཁོང་ཀོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་བྱེད་པ་དང་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་གླེང་མང་བའི་གནད་དོན་ཐད་ཕྱོགས་གཉིས་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཁོང་ཀོ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པའི་ཆུ་ཚད་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་མཐོར་འདེགས་གཏོད་ཡོད་ཟེར།
དཔའ་བརྟན་རྒྱལ་གྱིས་བསྒྱུར།