
ཕྱོགས་མང་པོའི་སྐུལ་འདེད་འོག དབྱི་སི་རལ་གྱིས་ས་གནས་དེའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་ནས་བཟུང་ལེ་པ་ནོན་དང་དུས་ཡུན་ཉིན་བཅུ་ཡི་རིང་གི་དམག་འཁྲུག་མཚམས་འཇོག་རྒྱུའི་མོས་མཐུན་བྱུང་བ་དང་། དམག་མཚམས་འཇོག་པའི་སྐབས་ཕྱོགས་གཉིས་ཀས་གྲོས་མོལ་བྱ་རྒྱུ་རེད། དབྱི་སི་རལ་ཕྱོགས་ཀྱིས་བསྟན་དོན། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་བཟོ་རྒྱུ་ནི་དབྱི་སི་རལ་ཕྱོགས་ཀྱི་བླང་བྱ་གཙོ་བོ་ཡིན། དམག་མཚམས་འཇོག་པའི་སྐབས་དབྱི་སི་རལ་གྱི་དམག་དཔུང་སྔར་བཞིན་ལེ་པ་ནོན་གྱི་ལྷོ་རྒྱུད་དུ་སྡོད་རྒྱུ་རེད།
ལེ་པ་ནོན་གྱི་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། མིག་སྔར་དམག་མཚམས་འཇོག་རྒྱུའི་ཐད་སྒྲིག་འགལ་གྱི་གནས་ཚུལ་ཡོད་པ་དང་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་དོན་རྐྱེན་མང་པོ་ཟིན་ཐོར་བཀོད་ཡོད། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་བསྟན་དོན། དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་མཐུན་གང་ཞིག་ཡིན་རུང་དབྱི་སི་རལ་ལེ་པ་ནོན་གྱི་མངའ་ཁོངས་སུ་རང་མོས་འགུལ་སྐྱོད་གཏན་ནས་བྱས་མི་ཆོག་པར་བསྟན། དམག་མཚམས་མ་བཞག་སྔོན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས16ཉིན་ལེ་པ་ནོན་ལྷོ་རྒྱུད་དུ་མཁའ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས། ལི་ཐ་ཉི་གཙང་པོའི་སྟེང་གི་ཟམ་པ་གཅིག་པུ་དེ་མེད་པར་བཟོས། དབྱི་ལང་གི་གྲོས་དཔོན་ཁ་ལི་པ་ཧྥུའུ་ཡིས་ཚེས16ཉིན་བསྟན་དོན། ལེ་པ་ནོན་དང་དབྱི་སི་རལ་བར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་བ་ནི“འགོག་རྒོལ་འཐབ་ཕྱོགས”སྲ་བརྟན་མཐུན་སྒྲིལ་ཡོང་བའི་མཇུག་འབྲས་ཡིན་པ་དང་། ལེ་པ་ནོན་གྱི་དམག་མཚམས་འཇོག་རྒྱུ་དེ་དབྱི་ལང་གི་དམག་མཚམས་འཇོག་རྒྱུ་ནང་བཞིན་གལ་ཆེན་ཡིན།