
ལེ་པ་ནོན་གྱི་སྲིད་འཛིན་ཨའོ་ཨིན་གྱིས་ཚེས17ཉིན་རྒྱལ་ཡོངས་ཀྱི་མང་ཚོགས་ལ་བཤད་རྒྱུར། ལེ་པ་ནོན་དུས་རིམ་གསར་པར་ཞུགས་ཡོད། གཙོ་བོ་ནི་གྲོས་མོལ་བརྒྱུད་དེ་དབྱི་སི་རལ་བར་ཡུན་རིང་གྲོས་ཆོད་ཅིག་འཇོག་པ་དེ་ཡིན་ལ། དེ་ལས་མི་དམངས་ཀྱི་ཁེ་དབང་དང་། རྒྱལ་ཁབ་ཀྱི་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
འདི་ནི་ལེ་པ་ནོན་དང་དབྱི་སི་རལ་གྱི་དམག་འཁྲུག་མཚམས་བཞག་རྗེས་ཨའོ་ཨིན་གྱིས་ཐོག་མར་གསུང་བཤད་གནང་བ་རེད། ཁོས་བཤད་རྒྱུར། ལེ་པ་ནོན་གྱིས་དམག་འཁྲུག་མཚམས་འཇོག་པ་དངོས་འབེབས་བྱེད་རྒྱུ་དུས་རིམ་གཙོ་བོར་བརྩིས་ཏེ། ཡུན་རིང་བརྟན་འཇགས་ཀྱི་འཕེལ་རིམ་མངོན་འགྱུར་བྱེད་རྒྱུ་ཡིན། འཕེལ་རིམ་འདི་ལས་ལེ་པ་ནོན་སྐྱོབ་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཁོས་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱས་ནས་གྲོས་མོལ་བྱེད་པ་དེ་ནི་ཉམ་ཆུང་དང་ཕྱི་སྣུར་མཚོན་པ་ཞིག་གཏན་ནས་མིན་ལ། གཙོ་བོ་ལེ་པ་ནོན་གྱི་ཁེ་ཕན་དང་སྔར་ལས་མང་བའི་ཤི་རྨས་ཐེབས་པ་དང་མང་ཚོགས་ཡུལ་གྱར་གྱི་རྣམ་པ་སྔོན་འགོག་བྱེད་པའི་རང་བདག་གི་ཐག་གཅོད་ཅིག་ཡིན་པ་ནན་བཤད་བྱས།
ཁོས་གོ་རིམ་རྗེས་མའི་དམིགས་འབེན་གཙོ་བོ་རགས་བཤད་བྱས་པ་དང་། དེའི་ཁྲོད་དུ་དབྱི་སི་རལ་གྱི་ལེ་པ་ནོན་དུ་འཇབ་རྒོལ་བྱེད་པ་མཚམས་འཇོག་རྒྱུ་དང་། དབྱི་སི་རལ་གྱི་དམག་དཔུང་ལེ་པ་ནོན་གྱི་མངའ་ཁོངས་ནས་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱེད་པ། ལེ་པ་ནོན་ཕྱོགས་ཀྱི་བཀག་འཇུག་མི་སྣ་དང་ཡུལ་གྱར་བའི་བདེ་འཇགས་ལ་འགན་སྲུང་བྱེད་པ། བརྩི་འཇོག་ཡོད་པའི་སྒོ་ནས་ཕྱིར་ཕ་ཡུལ་དུ་ལོག་པ་སོགས་ཀྱི་བླང་བྱ་བཏོན་ཡོད།
ཨའོ་ཨིན་གྱིས་རྒྱལ་ཡོངས་ལ་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་ཞིང་། ནང་ཁུལ་གྱི་འགལ་བ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་གཟབ་ནན་བྱ་དགོས་ཟེར། ཁོས་བཤད་རྒྱུར། ལེ་པ་ནོན་གྱིས་མཐུན་སྒྲིལ་དང་རང་བདག་ཇུས་ཆོད་བརྒྱུད་དེ་ཉམས་ཉེན་མེད་པར་གཏོང་རྒྱུ་ཡིན་ཟེར།
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས16ཉིན་ལེ་པ་ནོན་དང་དབྱི་སི་རལ་གཉིས་ཀྱི་ཉིན་བཅུའི་རིང་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཤད་ན། ལེ་པ་ནོན་དང་དབྱི་སི་རལ་གཉིས་ཀྱིས་ཨ་རིའི་རོགས་རམ་ལ་བརྟེན་ནས་ཐད་ཀར་གྲོས་མོལ་བྱེད་རྒྱུ་ཁས་བླངས་ཤིང་། སྐམ་སའི་ས་མཚམས་དབྱེ་འབྱེད་འདུ་བའི་ཐག་གཅོད་དཀའ་བའི་གནད་དོན་ཐག་བཅད་དེ། ཕྱོགས་ཡོངས་ཀྱི་གྲོས་ཆོད་ཅིག་བཞག་ནས། རྒྱལ་ཁབ་གཉིས་བར་དུས་གཏན་དུ་བདེ་འཇགས་དང་བརྟན་འཇགས། ཞི་བདེ་བཅས་མངོན་འགྱུར་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།
ས་གནས་དེའི་དུས་ཚོད་ཚེས17ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་པར། ལེ་པ་ནོན་དང་དབྱི་སི་རལ་གྱིས་དམག་འཁྲུག་མཚམས་བཞག་པ་ནུས་ལྡན་དུ་གྱུར།
རིག་འཛིན་སྒྲོལ་མས་བསྒྱུར།