
སི་ཕེན་དང་པ་ཞི། མོ་ཞི་ཁོ་བཅས་ཀྱི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་ཚེས18ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཁུ་པ་མི་དམངས་ཀྱིས་སྡུག་བསྔལ་མྱོང་བཞིན་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པར་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་མིག་སྔའི་གནས་བབ་ཞི་ལྷོད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
གསལ་བསྒྲགས་ལས་བཤད་རྒྱུར། སི་ཕེན་དང་པ་ཞི། མོ་ཞི་ཁོ་བཅས་རྒྱལ་ཁབ་གསུམ་གྱིས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་ཐབ་ཆགས་སུ་འགྱུར་བའི་བྱ་སྤྱོད་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་གང་རུང་ལ་གཡོལ་ཆེད། མཐུན་སྦྱོར་གཅིག་གྱུར་གྱི་བྱེད་ཐབས་ལ་བརྟེན་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ནུས་ཚད་ཆེ་རུ་གཏོང་རྒྱུ་ཁས་ལེན་བྱས་ཏེ། ཁུ་པ་མི་དམངས་ཀྱི་དཀའ་སྡུག་སེལ་རྒྱུ་ཡིན་ཟེར།
གསལ་བསྒྲགས་ལས་ནན་བཤད་བྱས་དོན། ངེས་པར་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་མངའ་ཁོངས་ཆ་ཚང་དང་རང་བདག་འདྲ་མཉམ། ཞི་བདེའི་རྣམ་པས་འགལ་བ་ཐག་གཅོད་པ་སོགས་ཀྱི་རྩ་དོན་ལ་བརྩི་འཇོག་བྱེད་དགོས་ཟེར།
གསལ་བསྒྲགས་ཁྲོད་དུ། སི་ཕེན་དང་པ་ཞི། མོ་ཞི་ཁོ་བཅས་རྒྱལ་ཁབ་གསུམ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་རྩ་དོན་གཞིར་བཟུང་ནས་གྲོས་མོལ་སྤེལ་དགོས་ལ། གྲོས་མོལ་གྱིས་མིག་སྔའི་གནས་བབ་ཡུན་རིང་ཐག་གཅོད་ཀྱི་ཇུས་གཞི་འཚོལ་རྒྱུ་གཙོར་འཛིན་དགོས་ཞེས་འབོད་སྐུལ་བཏང་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།