
ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས18ཉིན། ཉིན་དེར་རྒྱལ་ས་ཅི་ཧྥུའུ་རུ་མེ་མདའི་དོན་རྐྱེན་བྱུང་བ་འཇིགས་སྐུལ་བྱ་སྤྱོད་དུ་ངོས་འཛིན་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་སྤྱི་ཚོགས་སྨྱན་སྦྱོར་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉེས་ཁྲིམས་དང་འབྲེལ་ཡོད་དོན་ཚན་གཞིར་བཟུང་ནས་མི་སེར་ལ་མེ་མདས་རྒྱབ་པ་དང་མི་གཏའ་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་གྱོད་དོན་ཐོ་འགོད་བྱས་ཡོད། ད་ལྟའི་ཆ་འཕྲིན་ལྟར་ན། མེ་མདས་རྒྱག་མཁན་ནི1968ལོར་སྐྱེས་པའི་སྐྱེས་པ་ཞིག་ཡིན་ལ། ཁོས་བཟུང་བའི་མེ་མདའ་ཅི་ཞིག་ཡིན་པ་ཟིན་ཐོར་བཀོད་ཡོད། བྱ་སྤྱོད་དེ་ལས་མི་དྲུག་རྐྱེན་ལམ་དུ་བཏང་། གཞན་ཡང་ཐོག་མའི་བསྡོམས་རྩིས་ལྟར་ན། དོན་རྐྱེན་ཁྲོད་དུ་རྨས་ཕོག་ཚད་མི་འདྲ་བའི་རྨས་མ་བདུན་པོ་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
མིག་སྔར། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་དང་། ཉེན་རྟོག་ཕྱོགས། ཞིབ་བཤེར་ལས་ཁུངས་བཅས་ཀྱིས་མེ་མདས་རྒྱག་མཁན་གྱི་དམིགས་ཡུལ་སོགས་འབྲེལ་ཡོད་གནས་ཚུལ་ལ་གཞིགས་ནས་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད།
ཅི་ཧྥུའུ་གྲོང་ཁྱེར་གྱི་འགོ་གཙོ་ཁི་ལི་ཆི་ཁི་ཡིས་ཚེས18ཉིན་གྱི་སྔ་ཤས་སུ་སྤྱི་ཚོགས་སྨྱན་སྦྱོར་སྟེང་བཤད་རྒྱུར། མེ་མདས་རྒྱག་མཁན་ཞིག་གིས་ཅི་ཧྥུའུ་གྲོང་ཁྱེར་གྱི་སྲང་ལམ་དུ་མེ་མདས་རྒྱབ་སྟེ། མི་མང་པོར་ཤི་རྨས་ཐེབས་ཡོད་ཟེར། སྨྱན་སྦྱོར་མང་པོས་གནས་ཚུལ་སྤེལ་ཏེ། མེ་མདས་རྒྱབ་རྗེས་ཚོང་ཁང་ཆེན་མོ་ཞིག་གི་ནང་དུ་སོང་ནས་གཏའ་མི་བཙན་ཁྲིད་བྱས་ཟེར། ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཀྲང་ཁི་ལི་མེན་ཁི་ཡིས་དེར་མཐུད་ནས་སྤྱི་ཚོགས་སྨྱན་སྦྱོར་སྟེང་བདེན་དཔང་བྱས་དོན། ཉེན་རྟོག་ཕྱོགས་ཀྱིས་མེ་མདས་རྒྱག་མཁན་ཡོད་སའི་ཚོང་ཁང་དེར་འཕྲལ་རྒོལ་བྱས་ཤིང་། འཛིན་བཟུང་གི་བརྒྱུད་རིམ་ཁྲོད་དུ་མི་དེས་ཉེན་རྟོག་ཕྱོགས་ལ་མེ་མདས་རྒྱབ་ཀྱང་། མཐའ་མཇུག་ཁོར་མེ་མདས་རྒྱབ་ནས་བསད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།