
ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས29ཉིན་གྱི་དགོང་མོར་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕོ་བྲང་དཀར་པོའི་གསར་འགོད་མཐུན་ཚོགས་ཀྱི་དགོང་ཚིགས་གསོལ་སྟོན་སྟེང་མེ་མདས་བརྒྱབ་པའི་དོན་རྐྱེན་དང་། དབྱི་ལིང་གི་གནས་བབ། ཝུའུ་ཁི་ལན་གྱི་གནད་དོན་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཁ་པར་གཏོང་སྐབས་ཕུའུ་ཅིན་གྱིས་ཉེ་སྔོན་ཕོ་བྲང་དཀར་པོའི་གསར་འགོད་མཐུན་ཚོགས་ཀྱི་དགོང་ཚིགས་གསོལ་སྟོན་སྟེང་ཐི་ལིང་ཕུའུ་ལ་དམིགས་པའི་ལྐོག་གསོད་ལེགས་འགྲུབ་མ་བྱུང་བའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཐི་ལིང་ཕུའུ་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་ཡོད་ཟེར།
ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ཐི་ལིང་ཕུའུ་ལ་ཨུ་རུ་སིའི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་གནས་ཚུལ་སྙན་ཞུ་བྱས་བ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁའི་ཉིན་མོའི་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱེད་རྩིས་ཡོད་པའི་ཚུལ་བསྟན། ཐི་ལིང་ཕུའུ་ཡིས་དོན་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ཕུའུ་ཅིན་གྱིས་2025ལོའི་ཚུན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཚེ་ལས་འདས་པའི་དམག་མིའི་བེམ་པོ་ཁྲི་གཉིས་ལྷག་བརྒྱུད་སྤྲོད་བྱས་ཀྱང་། ཝུའུ་ཁི་ལན་ནས་ཨུ་རུ་སིའི་དམག་མིའི་བེམ་པོ500ལྷག་ལ་བླངས་མེད་ཟེར། ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་སྔར་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་ཁོ་ཐག་ཡིན་ཡང་། ཨུ་རུ་སི་ཡིས་གྲོས་མོལ་ལ་བརྟེན་ནས་དམིགས་འབེན་འགྲུབ་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཟེར། ཁོས་བལྟས་ན་ཝུའུ་ཁི་ལན་ཕྱོགས་ཀྱིས་བསམ་བཞིན་དུ་འཁྲུག་རྩོད་ཀྱི་ཡུན་ཚད་ཇེ་རིང་དུ་གཏོང་བཞིན་ཡོད་པར་འདོད།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་ཕུའུ་ཅིན་ལ་རང་གི་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ཀྱི་ལྟ་ཚུལ་མཚམས་སྦྱོར་བྱས། ཕུའུ་ཅིན་གྱིས་བལྟས་ན། ཐི་ལིང་ཕུའུ་ཡིས་དབྱི་ལིང་དང་དེའི་ཉེ་འཁོར་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་བཏང་བའི་ཆོད་དོན་ནི་ཡང་དག་ཡིན་པ་དང་། དེ་གཏན་འཇགས་གནས་བབ་ལ་ཕན་ཐོགས་ཡོད་པར་འདོད། ཕུའུ་ཅིན་གྱིས་ད་རུང་བསྟན་དོན། དབྱི་ལིང་གིས་སྤྱད་པའི་ས་ངོས་ཀྱི་དམག་དོན་འགུལ་སྐྱོད་སྤེལ་བ་ནི་དང་ལེན་བྱེད་མི་ཐུབ་ཅིང་ཉེན་ཁ་ལྷག་ཏུ་ཆེ་བ་ཞིག་རེད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་བཏོན་པ་དང་། དུས་ཚོད་ཕྱེད་ཀ་ལྷག་འགོར་ཡོད་ལ། ཕྱོགས་གཉིས་ཀྱི་གྲོས་མོལ་དེ་ལྷག་བསམ་རྣམ་དག་ཡིན་པར་མ་ཟད་དོན་དངོས་དང་མཐུན་པ་ཞིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།