
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས29ཉིན་བཤད་རྒྱུར། ཁོས་ཉིན་དེར་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་ལ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དུས་ཡུན་ཐུང་ངུའི་ནང་འཁྲུག་རྩོད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་འཕུར་གྲུར་བསྡད་དེ་ཟླ་བའི་གོ་ལར་བསྐོར་བ་བྱེད་པའི་ལས་འགན་ལག་བསྟར་བྱས་པའི་མཁའ་འགྲུལ་པར་ཐུག་འཕྲད་བྱེད་སྐབས་སྨྱན་བྱད་ལ་བཤད་རྒྱུར། ཁོས་ཕུའུ་ཅིན་དང་མཉམ་དུ་དུས་ཡུན་ཅུང་རིང་བོར་གྲོས་མོལ་བྱས་པར་མ་ཟད། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དུས་ཡུན་ཐུང་ངུའི་ནང་འཁྲུག་རྩོད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན་ཡོད་ལ། ངས་བསམ་ན་ཁོས་གྲོས་གཞི་དེ་དང་ལེན་བྱེད་སྲིད་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོ་དང་ཕུའུ་ཅིན་གཉིས་ཀྱིས་གྲོས་གཞི་མང་བོར་གྲོས་བསྡུར་བྱས་པ་དང་། གཙོ་བོ་ཝུའུ་ཁི་ལན་གྱི་གནད་དོན་ཡིན་ཡང་དབྱི་ལིང་གི་གནད་དོན་ཡང་ཅུང་ཙམ་གླེང་ཡོད་ཟེར། ཁོས་བཤད་རྒྱུར། ཕུའུ་ཅིན་གྱིས་དབྱི་ལིང་བར་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་བྱ་བར་ཞུགས་ནས་དབྱི་ལིང་གི་འཐབ་འཁྲུག་མཇུག་སྒྲིལ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་རེ་བ་བཏོན་ཡང་། ངས་ཁོར་ཁྱོད་ཀྱིས་སྟོབས་ཤུགས་ཡོད་ཚད་ཝུའུ་ཁི་ལན་གྱི་འཐབ་འཁྲུག་མཇུག་སྒྲིལ་བའི་སྟེང་འཇོག་དགོས་ཞེས་བཤད་ཡོད་ཟེར།
ཝུའུ་ཁི་ལན་དང་དབྱི་ལིང་གི་འཐབ་འཁྲུག་གཉིས་ཀྱི་གང་སྔོན་ལ་མཇུག་སྒྲིལ་སྲིད་པའི་གནད་དོན་འདྲི་སྐབས་ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ངས་མི་ཤེས། དེ་གཉིས་ཀྱི་མཇུག་སྒྲིལ་བའི་དུས་ཚོད་ཕལ་ཆེར་གཅིག་འདྲ་ཡིན་ཡང་སྲིད་ཟེར།
ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཁོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཐག་བཅད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།