
དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། དབྱི་ལིང་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ནས་དགྲ་བོའི་གཡོ་ཇུས་གསར་བ་ཆམ་ཉེས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་ཟེར།
ཁཱ་ལེ་པཱ་ཧྥུའུ་ཡིས་བསྟན་དོན། དགྲ་བོས་མིག་སྔར་དབྱི་ལིང་ལ་སྐོར་ཐེངས་གསར་བའི་དཔུང་འཇུག་བྱེད་བཞིན་ཡོད་དེ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་མངོན་སུམ་འཛེམ་མེད་ངང་དབྱི་ལིང་གི་སྤྱི་ཚོགས་དེ་བཙན་དྲག་ཕྱོགས་ཁག་དང་ཞི་འཇམ་ཕྱོགས་ཁག་ཏུ་དབྱེ་ཡོད་པར་མ་ཟད། མཚོ་ཐོག་གི་བཀག་སྡོམ་དང་སྨྱན་བྱད་བེད་སྤྱད་དེ་དབྱི་ལིང་ལ་དཔལ་འབྱོར་གྱི་གནོན་ཤུགས་སྟེར་བ་དང་། ནང་ཁུལ་དུ་ཁ་བྲལ་བཏང་ནས་དབྱི་ལིང་ལ་མགོ་སྒུར་དུ་འཇུག་རྩིས་ཡོད་ཟེར།
ཁོས་ནན་གྱིས་བསྟན་དོན། འཐབ་འཁྲུག་བྱུང་བའི་ཚུན་ལ། དབྱི་ལིང་མི་དམངས་ཀྱིས་མཐུན་སྒྲིལ་ལ་བརྟེན་ནས་དགྲ་བོའི་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད། མིག་སྔའི་གནས་བབ་འོག་དབྱི་ལིང་ནང་ཁུལ་གྱི་མཐུན་སྒྲིལ་ལྷག་ཏུ་གལ་ཆེན་ཡིན་པ་དང་། ནང་ཁུལ་གྱི་ཁ་བྲལ་སྣང་ཚུལ་གང་རུང་དགྲ་བོའི་འདོད་ཐོག་ཡིན་སྲིད་ཟེར།
ཁོས་ད་རུང་བསྟན་དོན། དབྱི་ལིང་མང་ཚོགས་ཀྱིས་སེམས་ཁུར་བྱེད་མི་དགོས། དཔོན་རིགས་ཚང་མས་ཆེས་མཐོའི་གཙོ་འཛིན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལས་དོན་སྣ་ཚོགས་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། དབྱི་ལིང་མི་དམངས་ཀྱིས་དགྲ་བོའི་གཡོ་ཇུས་ཕམ་ཉེས་སུ་བཏང་སྟེ་མཇུག་མཐའི་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།