
ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་གྲངས་འཛིན་གྲོགས་པོའི་འབྲེལ་བའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་བ་ཚེས5ཉིན་པུའུ་ལུའུ་སེར་ནས་བསྡུས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། འཇར་པན་དང་མཉམ་དུ་གཞི་གྲངས་དང་མི་ཐབས་རིག་ནུས། ཚད་རྡུལ་ཚན་རྩལ། གྲངས་འཛིན་རྨང་གཞིའི་སྒྲིག་ཆས། དྲ་ཐོག་སྟེགས་བུ་སོགས་ཁྱབ་ཁོངས་ཀྱི་ལྟ་རྟོག་དང་ཚན་རིག་ཞིབ་འཇུག ཐོན་ལས་མཉམ་ལས་བཅས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། གྲོས་ཚོགས་དེར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་རྩལ་བདག་དབང་སོགས་ལས་དོན་གྱི་འགན་ཁུར་བའི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཧན་ནཱ་ཝེ་ཨར་ཁུའུ་ཉིང་དང་འཇར་པན་གྱི་གྲངས་འཛིན་ཚུལ་བསྒྱུར་རམ་དཔལ་འབྱོར་ཐོན་ལས་སོགས་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས་མང་བོ་ཞུགས་ཡོད།
སྤྱི་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་ཕྱོགས་གཉིས་ཀྱིས་བཀོད་པའི་མཉམ་ལས་རེ་འདུན་དེ་གཞི་གྲངས་བཅོས་སྐྱོང་དང་མི་ཐབས་རིག་ནུས། ཚད་རྡུལ་ལག་རྩལ་སོགས་ཁྱབ་ཁོངས་གཙོ་བོ་མང་བོར་འབྲེལ་ཡོད། གཞི་གྲངས་བཅོས་སྐྱོང་ཐད་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཇར་པན་དང་མཉམ་དུ་གཞི་གྲངས་འཐབ་ཇུས་བྱ་བའི་ཚན་ཆུང་བཙུགས་ཏེ་གཞི་གྲངས་མཉམ་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་བཏང་ནས་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ཡོད། དེའི་ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་འཇར་པན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྣེ་ཁྲིད་ཚན་རིག་རྣམ་གྲངས་ནང་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་ཅིང་། བྱ་སྤྱོད་དེས་ཕྱོགས་གཉིས་ཀྱི་མི་ཐབས་རིག་ནུས་སོགས་གྲངས་འཛིན་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཚན་རིག་ཞིབ་འཇུག་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཐུབ་པར་འདོད།
སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཞིབ་འཇུག་རྣམ་གྲངས་སྤེལ་ནས། མཉམ་འདྲེས་རྩིས་བྱེད་ཁོར་ཡུག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཚད་རྡུལ་ལག་རྩལ་གྱི་རྒྱུ་ཆའི་ཚན་རིག་དང་དབྱང་གཉིས་ཐན་འགྱུར་ཉུང་གཏོང་། བརྡ་འཕྲིན་དྲ་རྒྱ། འཁོར་སྐར་གཟུགས་རིས་དབྱེ་ཞིབ་སོགས་ཁྱབ་ཁོངས་ཀྱི་བེད་སྤྱོད་ལ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།
མཚམས་སྦྱོར་བྱས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་གྲངས་འཛིན་གྲོགས་པོའི་འབྲེལ་བ་དེ2022ལོའི་འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྟེང་མགོ་རྩོམ་རྒྱུ་ཐག་བཅད་པ་དང་། ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་ནི2023ལོར་ཏུང་ཅིང་དུ་བསྡུས་པ་དང་། གྲོས་ཚོགས་ཐེངས་ལྔ་བ་དེ2027ལོར་བསྡུ་རྒྱུ་ཡིན་ལ། ས་གནས་སྔར་བཞིན་ཏུང་ཅིང་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།