
མཱ་ལིའི་དམག་ཕྱོགས་ཀྱིས་ཚེས5ཉིན་བཤད་རྒྱུར། ཚེས4ཉིན་མཱ་ལིའི་ས་ཁུལ་མང་བོར་སྐོར་ཐེངས་མང་བོའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་གྱི་དམིགས་འབེན་ལ་ཆམ་ཕབ་བཏང་། དེའི་ནང་འཇིགས་སྐུལ་ཉེས་ཅན་གྱི་རླངས་འཁོར་དང་འབར་རྫས། མཚོན་ཆའི་མཛོད་སོགས་ལ་གཏོར་བཤིག་བཏང་ཡོད་ཟེར།
མཱ་ལིའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་ཐོག་མར་མའོ་ཕུའུ་ཐིས་ས་ཁུལ་གྱི་ཅིག་ལཱ་གྲོང་ཁྱེར་ནུབ་ངོས་ཀྱི་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་ཆམ་ཕབ་བཏང་སྟེ། གཞུག་སྒམ་ཅན་གྱི་རླངས་འཁོར་དྲུག་དང་འཕྲུལ་རྟ་འགའ། འབར་རྫས་དང་མཚོན་ཆའི་མཛོད་ཁང་གཅིག་བཅས་ལ་འགས་གཏོར་བཏང་ཟེར།
དམག་ཕྱོགས་ཀྱིས་དེའི་རྗེས་སུ་ཡང་བསྐྱར་མའོ་ཕུའུ་ཐིས་ས་ཁུལ་གྱི་སེ་ཝ་ལོས་གྲོང་ཁྱེར་བྱང་ངོས་སུ་བར་སྣང་འཇབ་རྒོལ་བྱས་ཏེ། འཇིགས་སྐུལ་ཉེས་ཅན50ཙམ་བསད་པ་དང་། གཞུག་སྒམ་ཅན་གྱི་རླངས་འཁོར་བཞི་དང་འཕྲུལ་རྟ་འགའ། འབར་རྫས་དང་མཚོན་ཆའི་མཛོད་ཁང་ཆེན་པོ་གཅིག་བཅས་ལ་འགས་གཏོར་བཏང་། དམག་ཕྱོགས་ཀྱིས་ད་རུང་མཱེ་ནཱ་ཁཱ་ས་ཁུལ་གྱི་མཱེ་ནཱ་ཁཱ་གྲོང་ཁྱེར་གྱི་ཤར་ལྷོའི་ས་ཁུལ་དུ་སྐོར་ཐེངས་གསུམ་པར་ཆམ་ཕབ་བཏང་སྟེ། འཇིགས་སྐུལ་ཉེས་ཅན་གྱི་ཚོགས་ཁག་ཅིག་ཚར་གཅོད་བྱས།
མཱ་ལིའི་དམག་ཕྱོགས་ཀྱིས་བསྟན་དོན། མུ་མཐུད་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱེད་རྒྱུ་ཡིན་ཟེར།
མཱ་ལི་རུ2012ལོའི་ཚུན་ལ་བདེ་འཇགས་གནས་བབ་བསྟུད་མར་ཟང་ཟིང་དུ་གྱུར་ཅིང་། འཇིགས་སྐུལ་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད། རིགས་རྒྱུད་ཚོ་ཁག་བར་གྱི་དྲག་སྤྱོད་བཅས་མང་དུ་འབྱུང་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། མཱ་ལིའི་དམག་ཕྱོགས་ཀྱིས་ཐེངས་མང་བོར་རང་མངའ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་དང་དྲག་ཆས་ཚོགས་ཁག་ལ་བསྟུད་མར་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།