
ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ཆབ་སྲིད་གྲོས་མཐུན་བཀོད་དེ། ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་དབྱི་སི་རལ་གྱི་ཐལ་སྤྱོད་རིང་ལུགས་ཀྱི་གཏན་སྡོད་མཁན་དང་གཏན་སྡོད་བྱེད་སར་རྒྱབ་སྐྱོར་བྱེད་པའི་ཚོགས་པར་ཁ་གཏད་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་འཐད་པ་བྱུང་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཉིན་དེར་པུའུ་ལུའུ་སེར་ནས་བསྡུས། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་གསལ་སྒྲོག་ལས་བཤད་རྒྱུར། ཚོགས་ཞུགས་ཕྱི་འབྲེལ་བློན་ཆེན་དག་གིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཤིང་། གཙོ་བོ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་དབྱི་སི་རལ་གྱི་སྲིད་གཞུང་གིས་ཉེ་སྔོན་སྤྱད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དྲག་ཤུགས་བྱ་འགུལ་ཇེ་མང་དུ་སོང་བ་དང་། དབྱི་སི་རལ་གྱི་གཏན་སྡོད་བྱེད་ས་བསྟུད་མར་རྒྱ་བསྐྱེད་པར་དམིགས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་གོང་གི་བཀག་སྡོམ་བྱེད་ཐབས་ལ་སྐུལ་འདེད་གཏོང་བར་ཆབ་སྲིད་གྲོས་མཐུན་བཀོད་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འགོ་ཁྲིད་པ་གཙོ་བོར་བཀག་སྡོམ་རང་བཞིན་གྱི་བྱེད་ཐབས་སྤྱོད་པར་འཐད་པ་བྱུང་བར་མ་ཟད། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་ཐོན་རྫས་ནང་འདྲེན་བྱེད་པར་འབྲེལ་ཡོད་ཀྱི་སྒོ་ཁྲལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པ་སོགས་སྲིད་ཇུས་གཞན་པར་གྲོས་བསྡུར་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།